ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༤ ཉིན་བོན་གཞིས་ཐོབ་རྒྱལ་གསར་པར་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་མཐུན་འགྱུར་རམ་འདེགས་འོག་རིས་མེད་བགྲོ་གླེང་ཐེངས་བཞི་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་རིན་པོ་ཆེ་མཆོག ཆོས་རིག་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་ཁག་གཅིག གདན་ས་གྲྭ་ཚང་ཁག་ནས་མཁས་དབང་ ༡༡ གཙོ་བོར་གྱུར་བའི་དགེ་བཙུན་ཁྱོན་བསྡོམས་གྲངས་ ༦༠ ལྷག་ཙམ། དེ་བཞིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་འདུན་པ་དང་། བཙུན་དགོན་རཏྣ་སྨན་གླིང་གི་བཙུན་མ་སོགས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དབུ་མཛད་ཀྱིས་རྒྱུན་ཆགས་གསུམ་པ་གསུང་བསྐུལ་གནང་བསྟུན་རྟེན་འབྱུང་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས། དེ་ནས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ཚོགས་པའི་ཟུང་དྲུང་གིས་ཕེབས་བསུ་དང་འབྲེལ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་དམིགས་བསལ་སྐུ་མགྲོན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། བོད་ལ་དུས་འགྱུར་བྱུང་བ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་བརྒྱུད་རིས་མེད་ཁག་གི་བླ་ཆེན་མང་པོ་ཞིག་བྱེས་སུ་ཕེབས་དགོས་ཐུག་པ་རེད། ཡིན་ནའང་རྐྱེན་ངན་གྲོགས་གྱུར་གྱི་ཚུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་ཆོས་ལུགས་གཅིག་མཐོང་གཅིག་བཀུར་གྱི་ཚུལ་གྱིས་ས་གཅིག་གནས་གཅིག་ཏུ་མཉམ་འཛོམས་ཐོག་ཕན་ཚུན་གྱི་ལྟ་གྲུབ་ཁག་ལ་བགྲོ་གླེང་དང་སློབ་སྦྱོང་བྱེད་པའི་གོ་རིམ་ཆགས་པ་འདི་རྐྱེན་ངན་གྲོགས་སུ་སོང་བ་ཞིག་དང་གྲུབ་འབྲས་གལ་ཆེན་ཞིག་ཏུ་བརྩི་ཆོག་པ་རེད། རིས་མེད་ཀྱི་ལྟ་གྲུབ་འདི་སྔར་དུས་རབས་བདུན་པའི་སྐབས་མཁས་གྲུབ་གཉིས་ལྡན་བླ་ཆེན་དྲན་པ་ནམ་མཁའ་ནས་བཟུང་ཡོད་འདུག་ལ། ཁོང་གི་ཞལ་ནས་ཉམས་ལེན་ཕྱོགས་གཅིག་ནས་ལེན། དག་སྣང་ཕྱོགས་མེད་དུ་སྦྱངས་གསུངས་ཡོད་པ་རེད། ཅེས་གསུང་འདིས་དག་སྣང་སྦྱངས་སྟངས་ཐད་ནས་འགྲེལ་བརྗོད་རྒྱས་འགྲེལ་དང་འབྲེལ་གུས་པར་མཚོན་ནའང་ཆོས་བརྒྱུད་ཆེན་པོ་བཞི་དང་ཇོ་ནང་དང་བཅས་པའི་གསུང་རབ་དག་ལ་སློབ་གཉེར་བྱེད་བཞིན་ཡོད། མི་ཁ་ཤས་ཤིག་གིས་གསུང་རབ་མང་པོ་མཉམ་བསྲེས་བྱས་ནས་བཞག་ན་རྨི་ལམ་འཁྲུག་གི་རེད་ཅེས་དེ་འདྲ་ལབ་མཁན་ཡོད། ཡིན་ནའང་ང་རང་གི་དཔེ་ཁང་དུ་ས་དགེ་བཀའ་རྙིང་ཇོ་ནང་བཅས་པའི་གསུང་རབ་མང་པོ་ཡོད་དེ་རྨི་ལམ་འཁྲུག་མ་མྱོང་ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། བར་ལམ་ནས་ལྷ་རབ་བྱུང་ན་རིས་མེད་བགྲོ་གླེང་ལོ་ལྟར་གདན་ས་ཁག་ཏུ་འཚོགས་རྒྱུའི་སྲོལ་བྱུང་སྟེ་འདི་ལོར་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བསྐྱང་རྒྱུའི་འབོད་སྐུལ་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོས་ཞལ་བཞེས་གནང་སྟེ་ཚོགས་ཐུབ་པ་བྱུང་བ་རེད། དེར་བརྟེན་མཐུན་འགྱུར་གནང་མཁན་ཡོངས་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བསྔགས་བརྗོད་ཞུ་རྒྱུ་ཡིན། འདི་ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་ ༦༠ ཧྲོལ་པོ་འཁོར་བཞིན་ཡོད།
དེར་བརྟེན་གཞུང་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ནས་རྗེས་དྲན་གནང་དང་གནང་བཞིན་པ་རེད། ང་ཚོ་བཙན་བྱོལ་དུ་ཕེབས་པའི་དགོས་པ་དང་དམིགས་ཡུལ་ཁྱད་པར་ཅན་ཞིག་བཟུང་ནས་ཕེབས་པའི་སྐོར་ཞུ་མི་དགོས་པ་རེད། དེའི་ནང་ནས་དགོས་པ་དམིགས་ཡུལ་གཙོ་བོ་ནི། བོད་གངས་ཅན་ལྗོངས་སུ་མི་ལོ་སྟོང་ཕྲག་མང་པོའི་སྔོན་ནས་དར་བའི་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་ཧ་ལས་པའི་ཕྱུག་པོ་ཡོད་པ་དེ་དག་དུས་འགྱུར་དབང་གིས་བོད་ནང་ཕལ་ཆེར་མུ་མཐུད་གནས་ཐུབ་ས་མ་རེད་སྙམ་པའི་ཐག་གཙང་མ་ཆོད་ཡོང་བའི་སྐབས་གཙོ་བོ་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་སླད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་བླ་ཆེན་ཕལ་མོ་ཆེ་ཞིག་བཙན་བྱོལ་དུ་ཕེབས་པ་ཧ་ཅང་གསལ་པོ་རེད། མགོ་སྟོད་ལ་ཚང་མར་ཧ་ལས་པའི་སྐུ་ངལ་བྱུང་ཡོད། དཀལ་ངལ་ཁྱད་གསོད་གནང་ཡོད་པ་མ་ཟད། དཀའ་ངལ་ཁྱད་གསོད་གནང་སྟངས་དེ་དག་ཧ་ལས་པ་རེད། གདན་ས་མང་པོ་ཞིག་སླར་གསོ་གནང་སྟེ་བཤད་སྒྲུབ་ཀྱི་ལས་རིམ་དེ་དག་སྔོན་མ་བོད་ལ་གང་ཡོད་པ་ལྟར་དང་། ཁག་གཅིག་ནི་འདས་པའི་ལོ་ངོ་ ༦༠ རིང་སྔོན་མ་བོད་ནང་ཡོད་པ་ལས་ལྷག་ཡར་རྒྱས་བྱུང་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལྟ་བུར་ཆགས་ཡོད་སྟབས། སོ་སོའི་ལས་འགན་ཐོག་བསམ་བློ་གཏོང་ཡོང་དུས་ང་ཚོའི་ཆོས་དང་རིག་གཞུང་གི་བསྟི་གནས་དང་། དེའི་ནང་ནས་དགོན་སྡེ་ཁག་གཙོ་བོ་ཆགས་ཀྱི་ཡོད་པར་བརྟེན་དེའི་ཐོག་ལོ་ངོ་ ༦༠ རིང་མི་ཐོག་སྔོན་མ་དང་བགྲེས་པ་རྣམས་ཀྱིས་ཧ་ལས་པའི་གྲུབ་འབྲས་ཡག་པོ་ཐོན་ཡོད་པ་འདི་ཉིད་དྲན་གསོ་གནང་སྟེ་དགའ་སྒོམ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གལ་ཆེན་པོ་རེད།
འདས་པའི་ལོ་ངོ་ ༦༠ རིང་ཧ་ལས་པའི་ཡག་པོ་བྱུང་ཡོད། འོན་ཀྱང་ད་ལྟའི་གནས་སྟངས་ག་འདྲ་ཞིག་ཡོད་པ་གཟིགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དཔེར་ན། ཕྲན་རང་བཀའ་བློན་གྱི་མིང་འཁྱེར་ནས་འདས་པའི་ལོ་གསུམ་མིན་ཙམ་རིང་ས་གནས་ཁག་མང་པོ་ཞིག་ལ་སྐོར་བསྐྱོད་ཕྱིན་པའི་སྐབས་གནས་ཚུལ་གྱི་གཞི་མ་ཁ་ཤས་ཤིག་གཅིག་གྱུར་རེད་འདུག འདས་པའི་ལོ་ངོ་ ༦༠ རིང་སྐུ་ལས་བསྐྱོན་ནས་ཕྱིའི་མཐུན་རྐྱེན་ནི་ཧ་ལས་པའི་ཡག་པོ་ཆགས་ཡོད་པར་བརྟེན་ད་ཆ་ཧ་ལམ་འགྲིག་སོང་སྙམ་པའི་སྐབས་འདིར་ནང་གི་བཤད་སྒྲུབ་སློབ་གཉེར་བྱེད་མཁན་གྲྭ་རྒྱུན་དེ་དག་དཀོན་པོ་ཆགས་ཡོད། གདན་ས་ཆེ་ཁག་རྣམས་དེ་ཙམ་དཀའ་ངལ་མེད་ནའང་། དགོན་པ་ཆུང་བ་དང་འབྲིང་བ་མང་པོ་ཞིག་གིས་ཐུགས་ཚབ་དང་དངངས་སྐྲག་ཆེན་པོ་གནང་གི་འདུག དེ་སྔ་ཆོས་ཚོགས་རིམ་པའི་ནང་འདིའི་སྐོར་གླེང་སློང་དང་བཀའ་མོལ་བྱུང་འདུག གྲོས་ཆོད་བཞག་པ་དང་ལམ་སྟོན་གནང་འདུག ད་ཆ་གྲྭ་རྒྱུན་ཉུང་དུ་ཕྱིན་ཡོད་ནའང་གང་ཉུང་ཉུང་འདི་ལ་དེ་སྔ་དང་མི་འདྲ་བ་རྩ་ཆེན་པོ་བརྩི་རྒྱུ་དང་། སློབ་གཉེར་བ་དེ་ཚོ་ཡིན་ནའང་རྩ་ཆེན་པོ་བརྩིས་ནས་གསོ་སྐྱོང་གནང་རྒྱུའི་ཐོག་དུས་དང་མཐུན་པའི་འཚོ་བ་དང་འཕྲོད་བསྟེན་སོགས་ཡར་རྒྱས་གང་གཏོང་དགོས་ནའང་གཏང་རྒྱུ་དང་། ལྷག་པར་དཔེ་ཁྲིད་གནང་མཁན་སློབ་དཔོན་དང་མཁན་པོ་རྣམས་ཧ་ལས་པའི་རྩ་ཆེན་པོ་ཆགས་ཡོད་སྟབས། དགོན་པ་དང་བོད་མིའི་སྒྲིག་འཛུགས་ངོས་ནས་དེང་དུས་དང་མཐུན་པའི་གཟིགས་སྐྱོང་གནང་ཕྱོགས་དང་། གཙོ་བོ་འཕྲོད་བསྟེན་དང་སྐུ་ངལ་གསོ་རྒྱུའི་དུས་ཚོད་ཡོད་པ། ནད་རིགས་སྔོན་འགོག་སླད་འཕྲོད་བསྟེན་ལས་ཁུངས་དང་ཆོས་རིག་ལས་ཁུངས་གཉིས་མཉམ་རུབ་ཐོག་ལྟ་བཞིན་པ་ཡིན། དགོན་སྡེ་ཁག་སོ་སོ་ངོས་ནས་ཀྱང་དེའི་ཐོག་ཐུགས་སྣང་ཆེ་བཞེས་གནང་རོགས། ཞེས་དང་། གཞན་ཡང་རིས་མེད་བགྲོ་གླེང་གི་དགོས་དམིགས་དང་། བགྲོ་གླེང་པས་དགོངས་གཞི་ཇི་ལྟར་བཅང་དགོས་པ། བགྲོ་གླེང་འདི་བཞིན་གལ་གནད་ཆེན་པོའི་ཐོག་ཚོགས་དགོས་དོན་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་དྲུང་འཕར་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
སྤྱིར་རིས་མེད་བགྲོ་གླེང་ཐེངས་བཞི་པ་འདི་བཞིན་ཟླ་འདིའི་ཕྱི་ཚེས་ ༤ ནས་ ༧ བར་ཉིན་གྲངས་བཞིའི་རིང་འཚོགས་རྒྱུ་ཡིན་འདུག་པ་དང་། ཐེངས་འདིའི་བགྲོ་གླེང་ནང་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་ནས་མཁས་དབང་བཅུ་གཅིག་གིས་ཆེད་མངགས་མཛོད་ཐོག་དཔྱད་རྩོམ་སྒྲོགས་སྦྱང་དང་དེའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག་པ་བཅས། །