༢༠༡༩ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ ཉིན་ཡུ་རོབ་གྲོས་ཚོགས་སུ་དེ་སྔ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མནཱ་མཆོག་གིས་གཙོ་སྐྱོང་འོག་ཚོགས་འདུ་མཐའ་མ་དེ་ཚོགས་ཡོད་ཅིང་། སྐབས་དེར་ཁོང་དང་། སྐུ་ཞབས་ཤོ་གོར་ Sogor མཆོག དེ་བཞིན་འབྲེལ་ཡོད་ལས་བྱེད་དང་གྲོས་ཚོགས་འཐུས་མི་གསར་པ་བཞི། དོན་ཁང་གི་ལས་བྱེད། གཞན་ཡང་སྐུ་མགྲོན་ཁག་བཅས་ཚོགས་འདུར་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་ཐོག་དེ་སྔའི་ཚོགས་མིའི་ཐོག་གྲོས་ཚོགས་འཐུས་མི་གསར་པ་བཅས་ལྷན་འཛོམས་ཐོག་ཚོགས་པ་ཞིག་དང་། སྐབས་དེར་མ་འོངས་པར་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཀྱི་ལས་རིམ་སྐོར་གོ་བསྡུར་གནང་ཡོད། ད་ལྟའི་ཆར་གྲོས་ཚོགས་གསར་རྙིང་དབར་གྱི་བར་བརྒལ་གྱི་དུས་ཚིགས་ཡིན་ཞིང་། ཡུ་རོབ་མཐུན་ཚོགས་དང་ཡུ་རོབ་གྲོས་ཚོགས་སོགས་ཀྱི་འཛིན་སྐྱོང་ལས་རིམ་དང་འབྲེལ་བའི་ཆབ་སྲིད་འཁྲུག་ཆ་དོད་པའི་གནས་སྟངས་ཞིག་ཡིན་པ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་སྐུ་བགྲེས་པ་སྐུ་ཞབས་མནཱ་མཆོག་གིས་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་འཛུགས་ཐུབ་མིན་གྱི་གནས་སྟངས་ཕྱི་ཟླ་ ༡༡།༡༢ ནང་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས། དེར་བརྟེན་ཐེངས་འདིར་གྲོས་ཚོགས་འཐུས་མི་གསར་པ་བཞི་ནས་ཆེད་མངགས་ཚོགས་འདུར་ཕེབས་པ་དེས། རིང་མིན་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུའི་དམིགས་ཡུལ་དེར་བཟང་ཕྱོགས་ཀྱི་རྣམ་འགྱུར་ཡིན་པ་མངོན་ཐུབ། ཅེས་གསུངས།
སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཆེད་ད་བར་སྔོན་འགྲོའི་ལས་དོན་ཇི་སྤེལ་སྐོར་ངོ་སྤྲོད་སྙིང་བསྡུས་གནང་བའི་ནང་། བདམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མི་གསར་པ་རྣམས་ལ་འཚམས་འཕྲིན་འབུལ་རྒྱུས་མཚོན། རིང་མིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྐབས་གྲོས་ཚོགས་འཐུས་མི་རྣམས་མགྲོན་འབོད་ཞུ་རྒྱུ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་གསར་པ་རྣམས་ལ་བོད་དོན་ངོ་སྤྲོད་ཀྱི་ཡིག་ཆ་དོན་ཁང་ནས་པར་སྐྲུན་གནང་བ་དེ་དག་འགྲེམས་སྤེལ་གནང་ཡོད།
མཐར་སྦར་སིལ་སྐུ་ཚབ་དོན་གཅོད་ཀྱིས་ཚོགས་གཙོ་ཟུར་པ་སྐུ་ཞབས་མནཱ་མཆོག་དང་ཚོགས་མི་ཟུར་པ་སྐུ་ཞབས་ཤོ་གོར་མཆོག དེ་བཞིན་འཐུས་མི་གསར་པ་དང་། ལས་བྱེད་རྣམ་པར་ཐུགས་རྗེ་ཆེ་ཞུའི་འཚམས་འདྲིའི་མཇལ་དར་རེ་ཕུལ་ཡོད་པ་བཅས། །