ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༥ རེས་གཟའ་མིག་དམར།
༄༅།།བོད་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཆར་གཏོགས་པ་དཔལ་ཡུལ་རྫོང་ཁོངས་ནང་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བསྟི་གནས་ཁང་གྲགས་ཆེ་བ་ཡ་ཆེན་ཆོས་སྒར་ནང་དེང་སྐབས་རྒྱ་ནག་གཞུང་གིས་དམིགས་བསལ་དམ་བསྒྲགས་ཚབས་ཆེ་བྱེད་བཞིན་ཡོད་པའི་ཁུངས་ལྡན་གནས་ཚུལ་ཞིག་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་འདོན་སྤེལ་གནང་འདུག
ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཆོས་སྒར་དེ་ནས་བོད་མི་དགེ་བཙུན་གྲངས་ཚད་གཏན་འབེབས་བཟོས་ནས་ལྷག་བསྡས་གྲྭ་བཙུན་ཁྱོན་ ༣༥༠༠ ཕྱིར་འབུད་བཏང་ཟིན་ཡང་། ལས་གཞི་མཇུག་བསྡུས་མེད་སྟབས་གྲངས་ཚད་དེ་ལས་མང་བ་ཆགས་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག ཡ་ཆེན་ཆོས་སྒར་ནས་གྲྭ་བཙུན་ཕྱིར་འབུད་ཀྱི་ལས་གཞི་དེ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༩ ཟླ་ ༥ ནང་རྒྱ་ནག་གཞུང་གིས་འགོ་བརྩམས་པ་ཞིག་དང་།
སྤྱིར་ཡ་ཆེན་ཆོས་སྒར་དུ་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་མཁན་སྐྱ་སེར་ཕོ་མོ་ཁྱོན་མི་གྲངས་ ༡༠༠༠༠ ཡོད་ཚོད་འདུག ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གཞུང་གིས་ཡ་ཆེན་ཆོས་སྒར་དང་གསེར་རྟ་བླ་རུང་ཆོས་སྒར་གཉིས་ནང་གྲྭ་ཤག་གཏོར་བཤིག་ཧ་ཅང་ཚབས་ཆེ་བཏང་བ་མ་ཟད། དགེ་འདུན་གྲངས་ཚད་ལ་གཞུང་གིས་ཚད་བཀག་བཟོས་ནས་ལྷག་བསྡད་གྲྭ་བཙུན་རྣམས་རང་གི་ཕ་ཡུལ་ཕྱོགས་སུ་ཕྱིར་སློག་བྱས་པ་མ་ཟད། ཕ་ཡུལ་དུ་འབྱོར་མཚམས་རྒྱ་ནག་གཞུང་གིས་ཁོང་ཚོར་དམག་ཆས་གཡོག་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འོག་རྒྱལ་ཞེན་གྱི་གླུ་གཞས་ཟེར་བ་བཏང་བཅུག་པ་སོགས་སུན་གཙེར་སྣ་ཚོགས་བཟོས་ཡོད།
ཐེངས་འདིར་ཡ་ཆེན་ཆོས་སྒར་ནས་ཕྱིར་འབུད་བཏང་ཟིན་པའི་གྲྭ་བཙུན་རྣམས་སྣུམ་འཁོར་ནང་མ་འཛུལ་གོང་རང་གི་བློ་ཉེ་རྣམས་ལ་ཕེབས་སྐྱེལ་བྱེད་མ་བཅུག་པའི་གནས་ཚུལ་འདུག སྤྱིར་ད་ཐེངས་ཡ་ཆེན་ཆོས་སྒར་ནང་དགོན་པ་དངོས་སུ་གཏོར་བཤིག་བཏང་བ་སོགས་བྱེད་མེད་ཀྱང་སླད་ཕྱིན་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣ་ ༦༠༠ ཙམ་ཆོས་སྒར་དུ་གཏན་སྡོད་ཐོག་དགོན་པའི་བྱེད་སྒོར་སྔར་བས་དམ་བསྒྲགས་ཆེ་རུ་བྱེད་རྒྱུ་ཡིན་པ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག
ཕྱི་ལོ་ ༢༠༡༦།༢༠༡༧ ལོར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་གྱི་གྲྭ་བཙུན་རྣམས་ཀྱི་གྲྭ་ཤག་ཧ་ཅང་མང་པོ་གཏོར་བཤིག་བཏང་བར་རྒྱལ་སྤྱིའི་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག དཔེར་ན། ཡུ་རོབ་གྲོས་ཚོགས་ནང་ཛ་དྲག་གྲོས་ཆོད་བཞག་པ་བརྒྱུད་གསེར་རྟ་བླ་རུང་སྒར་ནང་གཏོར་བཤིག་བཏང་བ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣའི་ཚོགས་ཆུང་ཞིག་གིས་རྒྱ་ནག་གཞུང་ལ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་དུ་གཏོར་བཤིག་བཏང་བ་དེར་ལན་འདེབས་འགན་ཁུར་ཁ་གསལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག རྒྱ་ནག་གཞུང་གིས་ཆོས་སྒར་དེ་དག་ལ་མེ་སྐྱོན་སྔོན་འགོག་ཆེད་སྲིད་བྱུས་དེ་ལག་བསྟར་བྱེད་སྐོར་བཤད་ཀྱང་འཁོར་སྐར་བརྒྱུད་ང་ཚོས་ཉམས་ཞིབ་གནང་བ་ཡིན་ན་རྒྱུ་མཚན་དེ་དངོས་ཡོད་མིན་ཞིང་། རྒྱུ་མཚན་དངོས་ནི་རྒྱ་ནག་གཞུང་གིས་བོད་མིའི་ཆོས་སྡེ་ཁག་ལ་སྟངས་འཛིན་ལས་སླ་པོ་ཡོང་ཆེད་དང་། བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁང་དེ་དག་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་ཙམ་བཟོ་ཐབས་ཆེད་དམིགས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད།