ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༨ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༨ ཉིན་བཏང་གནས་ནང་འཁོད་དོན། དེ་རིང་གི་ཉིན་མོ་འདི་ནི་ཕྱི་
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་འདི་ཉིད་བོད་བསྟན་སྲིད་མི་རིགས་དང་བཅས་པ་སྲུང་སྐྱོབ་ཆེད་ཆུ་སྒང་དཔའ་རྒོད་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་སྟེ་དགྲ་བོ་རྒྱ་ནག་དམར་གཞུང་ནས་བོད་སར་བཙན་འཛུལ་རིམ་བྱུང་ལ་ཕར་རྒོལ་འཐབ་འཛིང་ལན་མང་གནང་བ་མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་མ་ཟད་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་ཟིན་རྗེས་ཀྱང་ཆུ་སྒང་སྒྲིག་འཛུགས་ཀྱི་དཔའ་རྒོད་ཚོས་སྙིང་སྟོབས་ཞུམ་པ་མེད་པར་བོད་རྒྱལ་ཁབ་སླར་གསོའི་ཆེད་རྒྱ་ནག་ལ་ཕར་རྒོལ་གྱི་གྲ་སྒྲིག་མུ་མཐུད་གནང་བ་བཅས་ནི་བོད་ཀྱི་བྱུང་རབས་དེབ་ཐེར་ནང་གསེར་འོད་འཕྲོ་བའི་ལེའུ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་བཅས་ལ། ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བཀའ་དྲིན་རྗེས་དྲན་དང་། སྐབས་དེར་འདས་གྲོངས་སུ་ཤོར་བའི་རྒྱལ་གཅེས་དཔའ་རྒོད་ཚོར་སྙིང་ཁོང་རུས་པའི་གཏིང་ནས་གུས་འདུད་ཞུ་རྒྱུ་ཡིན།
ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་གནས་སྟངས་འོག་གཞན་ཡུལ་དུ་གྱར་དགོས་བྱུང་སྟེ་ད་ཆ་མི་ལོ་ ༦༠ ལྷག་སོང་ཟིན་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་སྣུམ་པོའི་འོག་བོད་མིའི་རང་དབང་འཐབ་རྩོད་ཀྱི་རྒྱུན་ད་ལྟའང་སོར་གནས་ཐུབ་པ་བྱུང་བ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་མདོ་དབུས་ཁམས་གསུམ་ནས་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་ལ་སྔར་ལྷག་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཀྱང་མ་འོངས་བོད་ཀྱི་སོན་རྩ་ཤེས་ཡོན་ཅན་གྱི་བུ་ཕྲུག་གསོ་སྐྱོང་དང་། ཆོས་རིག་འཛིན་སྐྱོང་། ཡ་རབས་བཟང་པོའི་གོམས་གཤིས་རྣམས་དར་སྤེལ་དང་རྒྱུན་གནས་ཡོང་ཆེད་བོད་མི་ཚང་མས་འགན་འཁུར་སྔར་ལྷག་བཞེས་དགོས་པའི་སྐུལ་མ་ཞིག་ཀྱང་ད་ལན་དུས་དྲན་གྱི་གོ་སྐབས་འདི་དང་བསྟུན་ནས་ཞུ་རྒྱུ་ཡིན།
བཙན་གནོན་འོག་ནས་བྲོས་བྱོལ་དུ་ཕྱིན་པའི་བོད་མི་ཚོར་ཧ་ཅང་བཀའ་དྲིན་ཆེ་བའི་གནས་ཚང་རྒྱ་གར་གཞུང་མང་གཉིས་གཙོས་པའི་སོ་སོའི་གནས་ཡུལ་གཞུང་མང་གི་བཀའ་དྲིན་རྣམས་དུས་རྟག་ཏུ་དྲན་ཤེས་ཐུབ་པའི་ངང་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པ་མ་བརྗེེད་པའི་ཐོག་ཡུལ་མིའི་མིག་ལམ་དུ་མི་མཛེས་པ་དང་། ཐལ་ཆའི་སྤྱོད་ཚུལ་རིགས་མི་འབྱུང་བར་མཐུན་ལམ་གང་གཟབ་མུ་མཐུད་གནང་དགོས་པ་ཚང་མར་དྲན་བསྐུལ་ནན་ཏན་ཞུ་རྒྱུ་དང་སྦྲགས་ད་ལན་གྱི་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ལ་དམིགས་བསལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
ཆུ་སྒང་དམག་གི་སྒྲིག་འཛུགས་འདི་ཉིད་ད་ལྟའི་ཆར་སྤྱི་ཚོགས་བདེ་དོན་ཚོགས་པ་ཞིག་ཏུ་དེབ་སྐྱེལ་གནང་བ་ནས་བཟུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན་ལྟར་ད་ལྟའི་ཆར་མདོ་ཁམས་ཆུ་བཞི་སྒང་དྲུག་སྒྲིག་འཛུགས་འདིས་བོད་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་དང་། བོད་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒན་རབས་རྣམས་ལ་བཀའ་དྲིན་རྗེས་དྲན་ཆེད། སྒྲིག་ཁོངས་ཀྱི་རྒས་འཁོགས་གྲངས་ ༡༡༣ ལྷག་ཙམ་ལ་ལོ་ལྟར་འཚོ་སྣོན་རོགས་སྐྱོར་དང་། དེ་བཞིན་མ་འོངས་བོད་ཀྱི་སོན་རྩ་ན་གཞོན་མཐོ་སློབ་ཀྱི་སློབ་མ་གྲངས་ ༡༠༠ ལྷག་ཙམ་ལ་ལོ་ལྟར་སློབ་ཡོན་གྱི་མཐུན་འགྱུར་གནང་བཞིན་པར་བསྔགས་བརྗོད་དང་། དེ་བཞིན་རྡ་ས་ཆུ་སྒང་རིག་གནས་འཛིན་གྲྭ་ནས་ལོ་མང་རིང་ཆོལ་ཁ་དབྱེར་མེད་ཀྱི་རང་རིགས་ན་གཞོན་ཚོར་སྐད་ཡིག་སློབ་སྦྱོང་དང་རྡ་སར་གནས་སྡོད་སྒྲིག་ཁོངས་ངེས་གཏན་མེད་པའི་བོད་མི་མི་ཉུང་བ་ཞིག་ལ་ཡིག་ཆའི་ངོས་སྦྱོར་གྱི་མཐུན་འགྱུར་གནང་དང་གནང་མུས་བཅས་ལ་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་དམིགས་བསལ་གྱི་བསྔགས་བརྗོད་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་སྲུང་འདོམས་ཞུ་ཕྱོགས་དང་། ཆུ་སྒང་དབུས་ས་གཉིས་ནས་བོད་བསྟན་སྲིད་དང་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་ཆེད་ལོ་ལྟར་སྲོག་བླུ་ཚེ་ཐར་ཁྱོན་ཆེ་དང་། འབྲས་ལྡན་སྐྱེ་ཤིང་འདེབས་འཛུགས། ཁོར་ཡུག་གཙང་བཟོ། བཀའ་འགྱུར་དག་སྒྲོག་དང་། གནས་བརྟན་ཕྱག་མཆོད། བཛྲ་གུ་རུ་དང་། མ་ཎི་གྲངས་གསོག་སོགས་གནང་དང་གནང་བཞིན་པ་སོགས་མདོར་ན་བོད་རྒྱལ་བསྟན་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་ཆེ་བའི་སྐབས་འདིར་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་དུས་ནས་དུས་སུ་དབུས་བོད་མིའི་སྒྲིག་འཛུགས་ལ་ཕྱར་གྲུ་མཉམ་འདེགས་ཞུས་དང་ཞུ་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་སྲིད་མཐར་བརྟན་ཅིང་། རླབས་ཆེའི་ཐུགས་ཀྱི་དགོངས་བཞེད་མཐའ་དག་མ་ལུས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཞུ་སྒོ་མཐའ་དག་ལམ་ལྷོང་དོན་ཕན་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༦ ལ། །