ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡ རེས་གཟའ་སྤེན་པའི་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བྷོ་སི་ཊོན་ས་གནས་སུ་རྟེན་གཞི་བྱས་པའི་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་མང་ཚོགས་ལ་གསུང་བཤད་གནང་དོན། ཐོག་མར་དེ་རིང་འདིར་ཕེབས་པའི་སེར་སྐྱ་མི་མང་ཡོངས་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོས་ཉིན་ལྟར་གསུང་བཤད་དང་ལས་བསྡོམས་ལ་སོགས་སྙན་སྒྲོན་གནང་ཟིན་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་གནས་པའི་སྨོན་འདུན་ཞུ་སྲོལ་ཡོད།
ཉེ་ཆར་ཟླ་ ༥ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། འདི་ལོ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་སྐེག་དངོས་གཞི་འཁེལ་བར་བརྟེན། བླ་སློབ་དབར་དམ་ཚིག་གཙང་མའི་སྒོ་ནས་སྨོན་ལམ་བརྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལ། སྨོན་ལམ་ངེས་པར་བརྒྱག་དགོས། ང་ཚོའི་ངོས་ནས་གསོལ་བ་སྨོན་ལམ་བརྒྱག་རྒྱུ་ཙམ་ལས་མགོན་པོ་གང་ཉིད་ལ་འབུལ་རྒྱུ་གཞན་གང་ཡང་མེད། དམ་ཚིག་གཙང་མའི་སྒོ་ནས་གསོལ་འདེབས་ཞུ་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ ཕེབས་ལ་ཉེ་བར་ཡིན་སྟབས། མགོན་པོ་གང་ཉིད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྔར་བཞིན་ཆིབས་སྒྱུར་བསྐྱང་རྒྱུ་ཟེར་བ་ད་ཆ་ཕྲན་བུ་ཁག་པོ་རེད། དེ་ནི་གཙོ་ཆེར་དགུང་ནའི་བབ་དང་བསྟུན་བླ་སྨན་པས་སྐུ་ངལ་མང་ཙམ་གསོ་གནང་མཛད་དགོས་པའི་ལམ་སྟོན་ལྟར་མཛད་འཆར་ཉུང་འཕྲི་མཛད་སྐོར་བཀའ་སློབ་སྩོལ་བཞིན་ཡོད།
བོད་མི་མི་རེ་ངོ་རེས་བོད་དོན་དྲིལ་བསྒྲགས་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་མ་ཟད་འགན་ཡང་ཡོད། ཟླ་འདིའི་ཕྱི་ཚེས་ ༦ རེས་གཟའ་ཕུར་བུའི་ཉིན་ཁེ་ན་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པས་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་གནང་རྒྱུ་རེད། སྐབས་དེར་ང་རང་ངེས་པར་དུ་ཡོང་དགོས་ཞེས་མགྲོན་འབོད་གནང་ཡོད། འོན་ཀྱང་ཕྱི་ཚེས་ ༥ ཉིན་ལྡི་ལི་བརྒྱུད་བཞུགས་སྒར་རྡ་སར་འབྱོར་དགོས་སྟབས། སྲིད་ཚབ་དང་ལྷན་དུ་གོ་བསྡུར་ཞུ་སྐབས་ཁོང་གིས་ཆབ་སྲིད་ཐོག་ནས་ཧ་ཅང་གནད་འགག་ཆེན་པོ་ཡིན་པ་དང་། གོ་སྐབས་དེ་འདྲ་ཧ་ཅང་དཀོན་པོ་ཡིན་པར་བརྟེན་ཉན་ཞིབ་དེར་མཉམ་ཞུགས་བྱེད་དགོས་པ་གསུང་བྱུང་།
རྒྱ་ནག་གཞུང་གི་གནོན་ཤུགས་ཆེན་པོ་ཡོད། དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ལ་ཏི་ཝི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ལ་ཏི་ཝི་ཡའི་རྒྱལ་ས་རི་གར་ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཉིན་བཞིའི་རིང་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་བསྐོང་ཚོགས་གནང་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་བོད་དོན་སྐོར་གློག་བརྙན་དང་གཏམ་བཤད་ཀྱི་ལས་རིམ་མང་པོ་ཞིག་གོ་སྒྲིག་གནང་འདུག ཕྱོགས་མཚུངས་ལི་ཐུ་ཝི་ནི་ཡར་བསྐྱོད་སྐབས་ངོ་རྒོལ་ཆེན་པོ་བྱེད་བྱུང་། ཞེས་དང་།
གཞན་ཡང་བོད་དོན་དང་བོད་མི་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་བཀའ་དྲིན་ཆེ་བ་སུ་གང་མེད་པ་དང་། མགོན་པོ་གང་ཉིད་ཀྱི་རླབས་ཆེན་གྱི་མཛད་འཕྲིན་དེ་དག་ང་ཚོས་ངེས་པར་མཐོང་ཐུབ་པ་ཞིག་དགོས་པ་མ་ཟད། རླབས་ཆེན་གྱི་མཛད་ཁུར་དེ་དག་མི་ཉམས་གོང་འཕེལ་གཏོང་རྒྱུ་ང་ཚོའི་འགན་ཞིག་ཡིན། མགོན་པོ་གང་ཉིད་ནས་དུས་རྒྱུན་བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་གལ་བཀའ་སློབ་སྩལ་དང་སྩོལ་བཞིན་པ་དེ་དག་ཐོག་བསམ་བློ་བཏང་ནས་བོད་མི་ཚོས་ནང་ཁུལ་ཆོལ་ཁའི་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་གནས་ཚུལ་ཙག་ཙིག་རིགས་ལ་མགོ་འཐོམ་ནས་མ་བསྡད་པར། གཟབ་གྲུང་དགོས། དེ་ལྟར་མ་བྱས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ཡོང་ངེས། ཁོང་ཐུགས་ཕམ་མ་ཡོང་བ་བྱ་རྒྱུ་ནི་ང་ཚོའི་འགན་རེད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས། །