ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་དོན་ཞུ་སྐུལ་ཆེད་ཨ་རིའི་རྒྱལ་སར་ཕྱོགས་ཕེབས་གནང་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཨ་རིའི་རླུང་འཕྲིན་ཁང་ VOA གི་བོད་སྐད་སྡེ་ཚན་དུ་གཟིགས་སྐོར་དང་། འགན་འཛིན་མི་སྣ་དང་ལས་བྱེད་རྣམ་པར་མཇལ་འཕྲད། ཀུན་གླེང་ལས་རིམ་སོགས་ཀྱི་བཅར་འདྲིར་དང་ལེན། དེ་རྗེས་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀོ་ལམ་ Betty McCollum མཆོག་མཇལ་འཕྲད་དང་། ཕྱི་དྲོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཊི་ཝི་ཅཱ་བྷོ་ཊ་ Steve Chabot མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷེན་ མེག་ཨེ་ཊམ་ས་ Ben McAdams མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨེལ་གྷི་རིན་ Al Green མཆོག་བཅས་མཇལ་འཕྲད་ཀྱིས་སྔར་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སོགས་སྙན་གསན་དང་བོད་དོན་ཞུ་སྐུལ་གནང་ཡོད་འདུག་པ་དང་། དགོང་མོ་ཨ་རིའི་རྒྱལ་སར་གནས་སྡོད་བོད་མི་རྣམས་ལ་གསུང་བཤད་དང་། མི་མང་གི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ Human Rights Watch གཉིས་ཐུན་མོང་གིས་གོ་སྒྲིག་འོག་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་དང་ལས་བྱེད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ Amnesty International ཨེ་ཤི་ཡའི་ཉམས་ཞིབ་པ། དམར་ཤོག་རིང་ལུགས་ཀྱིས་གནོད་འཚེ་ཕོག་པར་རྗེས་དྲན་ཚོགས་པའི་ Victims of Communism Memorial གཞུང་གི་འབྲེལ་མཐུད་པ། ༢༠༤༩ ལོའི་ལས་འཆར་ལྷན་ཁང་གི་ Project 2049 Institute ཉམས་ཞིབ་པ་བཅས་ཀྱི་ལྷན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་རྟོག་ཞིབ་བྱེད་ཕྱོགས་དང་། གོང་གསལ་སྡེ་ཚན་ཁག་ནས་བོད་དོན་དང་འབྲེལ་བའི་ཉམས་ཞིབ་ཀྱི་སྙན་ཐོ་བཏོན་ཟིན་པ་དང་། འདོན་འཆར་བཅས་ཀྱི་སྐོར་ལ་བསམ་ཚུལ་བརྗེ་ལེན་དང་གོ་བསྡུར་ལྷུག་པོར་གནང་ཡོད་འདུག
ཕྱི་དྲོ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་ པར་ར་ཡི་སི་ David Price མཆོག་མཇལ་འཕྲད་ཀྱིས་སྔར་བཞིན་བོད་དོན་ཞུ་སྐུལ་དང་། དེ་རྗེས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་ཁག་དང་ལྷན་ད་བར་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཞུས་པ་རྣམས་ཀྱི་ལྷན་གོ་བསྡུར་ཇི་བྱུང་དང་། ཕྱི་སྲིད་ལས་ཁུངས་དང་འབྲེལ་ཡོད་ཀྱི་གནད་དོན་ལག་ལེན་འཁེལ་ཐབས་ཁག་ཞབས་སྐུལ། བོད་ནང་གི་ཛ་དྲག་གནས་སྟངས་སོགས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་སྙན་གསན་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ཚེས་ ༢༡ ཉིན་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་བབ་ཐོག་སྙན་ཐོ་གསར་དུ་འདོན་འཆར་ཡོད་པའི་ནང་བོད་ནང་གི་གནས་སྟངས་ཟུར་བཏོན་ཡོད་པའི་གསལ་བཤད་བྱུང་ཡོད་པ་བཅས། །