ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་ོདན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ ཉིན་རྡ་ས་མེག་གྷན་ Club house དུ་ཉིན་གྲངས་གསུམ་རིང་གི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་གནང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། ཆེ་བསྟོད་སྐུ་མགྲོན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱབ་སྐྱོར་བ་འཇར་མན་ནས་ཡིན་པའི་སྐུ་ཞབས་ཝེར་ཧེལ་ཌི་ལགས་དང་། བོད་ཀྱི་རྒྱལ་ཡོངས་ཚོགས་པའི་སློབ་སྟོན་པ་བློ་བཟང་ལགས། དམིགས་བསལ་སྐུ་མགྲོན་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་གཙོས་རྒྱུན་ལས་རྣམ་པ་དང་། ས་གནས་ཁག་འདྲ་མིན་ནས་ཚོགས་ཆེན་ཐོག་ཆེད་དུ་ཕེབས་པའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་མི་རྣམ་པ་བཅས་ལྷན་འཛོམས་གནང་འདུག
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། གོང་དུ་མང་གཙོ་ཚོགས་པའི་ཚོགས་གཙོ་དང་། སྐུ་མགྲོན་ཁག་གིས་གཏམ་བཤད་གནང་ཚར་བའི་ཐོག་ངས་ལྡབ་སྐྱོར་ཞུས་མ་དགོས་པར། རྣམ་པ་ཚོའི་གྲོས་ཆོད་ཐོག་འབྱུང་འགྱུར་གཏན་འབེབས་གནང་རྒྱུར་གྲོས་གཞི་ཁག་བཅུ་གཅིག་ཡོད་པ་ཞིག་ཁ་སང་སྐུ་མགྲོན་དུ་མགྲོན་འབོད་སྐབས་གནང་འདུག འདས་པའི་ལོ་རྒྱུས་རྣམ་པ་ཚོས་མཁྱེན་གསལ་རེད། འབྱུང་འགྱུར་རྣམ་པ་ཚོས་འདིར་ཉིན་གསུམ་རིང་དུས་ཚོད་བཏང་ནས་དགོངས་པ་བཞེས་དགོས་པར་བརྟེན། གྲོས་གཞི་བཅུ་གཅིག་གི་ནང་ནས་གསུམ་པ་དེ་གནད་འགག་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་རེད། དེ་རིང་རྣམ་པ་ཚོས་བཀའ་བསྡུར་གནང་རྒྱུའི་གྲོས་གཞི་གསུམ་པ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་༸སྐུའི་སྐུ་ཕྱ་དང་འབྲེལ་བའི་ཐོག་བཀའ་བསྡུར་གནང་རྒྱུ་ཆགས་བསྡད་ཀྱི་ཡོད་རེད། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་༸སྐུའི་སྐུ་ཕྱའི་སྲུང་བྱ་ལ་གཞི་རྩའི་དུས་དང་རྣམ་པ་ཀུན་ཏུ་ཕྱི་ནང་གཉིས་ཀྱི་སྐུ་ཕྱ་ཞེས་ཡོངས་གྲགས་ཞུས་བསྡད་ཀྱི་ཡོད་རེད། ཕྱིའི་སྐུ་ཕྱ་ཆ་ལ་བཞག་པ་ཡིན་ན། རྒྱ་གར་དབུས་དང་མངའ་སྡེའི་གཞུང་དང་། བོད་མིའི་སྒྲིག་འཛུགས་གཙོས་པའི་ད་བར་སྲུང་སྐྱོབ་གང་ལེགས་གནང་བཞིན་ཡོད་མུས་ལ། དེང་གི་ཆར་རྒྱ་གར་དབུས་སའི་གཞུང་ནས་སྔར་ལྷག་མཐུན་འགྱུར་གནང་གི་ཡོད་རེད། ཁོ་རང་ཚོས་ཐུགས་འཚབ་ཆེན་པོའི་ངང་གནང་གི་ཡོད་སྟབས། དེ་དང་འབྲེལ་བའི་རྒྱ་གར་དབུས་སའི་གཞུང་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་སྲུང་བྱའི་ཐོག་མཐུན་འགྱུར་གནང་བ་དེ་ཚོ་ང་ཚོས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་རང་བཞིན་ཆགས་ཀྱི་ཡོད་པ་དང་། ད་དུང་ཡིན་ནའང་མུ་མཐུད་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཕྱིའི་སྐུའི་སྲུང་བྱ་ལ་མུ་མཐུད་སྲུང་བྱ་ཡོང་རྒྱུར་འབོད་སྐུལ་གསོལ་འདེབས་ཞུ་རྒྱུ་གལ་ཆེན་པོ་རེད། རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ནས་དུས་དང་རྣམ་པ་ཀུན་ཏུ་ཞུས་བསྡད་ཀྱི་ཡོད་རེད། དེ་རིང་ཚོགས་ཆེན་གྱི་གྲོས་གཞིའི་ནང་བཞག་ཡོད་པ་ཡིན་ཙང་རྣམ་པ་ཚོས་དེ་ཚོ་གནད་འགག་ཆེན་པོར་བརྩིས་པ་གཞིར་བཟུང་ངོས་འཛིན་ཐུབ་པ་དགོས། ནང་གི་སྐུ་ཕྱ་ནི་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་གསུང་གི་བདུད་རྩི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དེ་ཡིན་པ་དང་། ༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེད་ལྟར་ལག་ལེན་བསྟར་དགོས་པ་དང་། དམ་ཚིག་རྡོག་རྩ་ཆིག་སྒྲིལ་དགོས་རྒྱུ་དེ་གནད་འགག་ཆེ་ཤོས་ཤིག་རེད། སྤྱིར་བོད་མི་ཡོད་དོ་ཅོག་དང་། ཡང་སྒོས་སྒྲིག་འཛུགས་ཕན་ཚུན་དབར་དང་། སྒྲིག་འཛུགས་ནང་ཁུལ་ནང་ལའང་གཅིག་གིས་གཅིག་ལ་ཡིད་ཆེས་དང་། གུས་བརྩི་ཆེ་མཐོང་། ཆ་འཇོག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལས་ཀྱང་གལ་ཆེ་བ་དེ་ང་ཚོ་བོད་མི་ཚང་མ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གནང་ཐུབ་དགོས། དེ་༧རྒྱལ་བ་དགྱེས་པའི་མཆོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་མ་ཕམ་པ་ཞིག་གནང་དགོས་རྒྱུ་དེ་རིང་ཚོགས་ཆེན་གྱི་༧སྐུའི་སྲུང་བྱའི་སྐོར་གྲོས་གཞི་བཞག་པ་གཞིར་བཟུང་ཕྱི་ནང་གི་༧སྐུའི་སྲུང་བྱ་གཉིས་ཀྱི་ནང་ནས་ཐུགས་ཕམ་བཅུག་པ་ཡིན་ན། དེ་ལས་ཉེས་པ་ཆེ་བ་ཞིག་དང་། འགྱོད་པ་ཆེ་བ་ཞིག་གང་ཡང་ཡོད་མ་རེད། བྱས་ཙང་ང་ཚོ་ཚང་མ་རྡོག་རྩ་ཆིག་སྒྲིལ་དགོས་པ། ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་གང་གནང་བ་དེ་དག་ལག་ལེན་བསྟར་ཐུབ་དགོས། སྤྱིར་འདས་པའི་ལོ་ངོ་དྲུག་ཅུའི་རིང་བཙན་བྱོལ་བོད་མའི་སྤྱི་ཚོགས་སྲ་བརྟན་ཡོང་བ་ཆ་ཚང་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་དྲིན་ཉག་ཅིག་ཡིན་པ་དང་། བྱེ་བྲག་ཏུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་སྲ་བརྟན་ཡོང་བ་དེ་ཡང་༸གོང་ས་མཆོག་གིས་ཐུགས་ཀྱི་དགོངས་པ་གཞིར་བཟུང་བྱུང་བ་ཞིག་ཡིན་དུས། མགོན་པོ་གང་གི་ཐུགས་རྗེའི་བཀའ་དྲིན་དྲན་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད།
དེ་ནས་གྲོས་གཞི་བཞི་པ་འབྱུང་འགྱུར་བོད་ཀྱི་མང་གཙོ་ཚོགས་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་ཐོག་ལ་གཅིག་ཞུས་ན་བསམ་བྱུང་། ང་ཚོ་བཙན་བྱོལ་བ་ཆགས་པ་ནས་བཟུང་ད་བར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། འདས་པའི་ལོ་ཟླའི་ནང་བོད་ཕྱི་ནང་གཉིས་སུ་ཆབ་སྲིད་ལས་འགུལ་མང་པོ་སྤེལ་ཡོད་པ་མ་ཟད། འབྱུང་འགྱུར་ཡང་ལས་འགུལ་ཇི་སྤེལ་བང་སྒྲིག་བཞིན་ཡོད། མང་གཙོ་ཚོགས་པར་ཆ་བཞག་ནའང་། ཕྱི་ལོ་ ༡༩༩༤ ནས་ད་བར་མུ་མཐུད་དེ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུའི་གྲོས་གཞི་ཡོད་པ་གཞིར་བཟུང་ལས་འགུལ་འདྲ་མིན་སྤེལ་ཡོད།། བོད་ནང་ལྟ་བུར་ཆ་མཚོན་ན། བོད་མི་རང་ལོ་ ༡༥ ཡན་ནས་ ༦༥ བར་གྱིས་བོད་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེགས་ཕུལ་ཡོད་པ་དང་། ང་ཚོས་དེ་གཅིག་པུར་བསམ་བློ་བཏང་བ་ཡིན་ནའང་།དངོས་གནས་ཧང་སངས་དགོས་པ་ཞིག་དང་། ཕྱིའི་ཡུལ་མི་ཚོས་གོ་བ་ཙམ་གྱིས་དེ་ཚོ་ཕངས་པོ་རེད་ཅེས་གསུངས་གནང་གི་འདུག དེ་འདྲ་སོང་ཙང་རྣམ་པ་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་དང་། རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཕྱོགས་ཞེས་འཁོད་ཡོད་ཙང་། སྔོན་མ་ལས་འགུལ་གང་སྤེལ་བའི་ཐོག་ལ་གཞིར་བཞག་སྟེ་མ་འོངས་པའི་ལོ་ཟླའི་ནང་ལས་འགུལ་ཇི་ལྟར་སྤེལ་ཕྱོགས་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་སྟབས། བོད་ནང་གི་སྐུ་ལུས་མེར་བསྲེགས་ཕུལ་མཁན་གྱི་དཔའ་བོ་རྣམས་ཀྱི་ལོ་རྒྱུས་གནས་ཚུལ་ཁག་ཚད་ལྡན་ཐོག་འགྲོ་དགོས་པ་གལ་ཆེན་པོ་རེད། དཔེར་ན་བོད་མིའི་སྒྲིག་འཛུགས་ངོས་ནས་གནས་ཚུལ་དེ་ཚོའི་རིགས་བདེ་སྲུང་ལས་ཁུངས་ལ་རྩ་འཛིན་དང་ཆ་བཞག་གི་ཡོད་པ་རེད། བདེ་སྲུང་ལས་ཁུངས་བརྒྱུད་ནས་འབྲེལ་ཡོད་ཁག་ནས་མཐའ་མའི་ཐུགས་གཏན་འཁེལ་བའི་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྒྲགས་གཏམ་སྤེལ་གྱི་ཡོད། ཕྱིའི་མི་ལ་ཞུ་སྐུལ་ཞིག་བྱེད་པའི་སྐབས། གཅིག་གིས་རང་ལུས་མེར་བསྲེགས་ཕུལ་མཁན་བརྒྱ་དང་ལྔ་བཅུ་ང་བདུན་གསུངས་ཀྱི་འདུག གཅིག་གིས་བརྒྱ་དང་ལྔ་བཅུ་ང་བརྒྱད་གསུངས་ཀྱི་འདུག ཡང་གཅིག་གིས་བརྒྱ་དང་དྲུག་ཅུ་གསུངས་ཀྱི་འདུག ཁྱེད་ཚོས་བརྒྱ་དང་ལྔ་བཅུ་ང་གསུམ་གསུངས་ཀྱི་འདུག་ཅེས་འཐོམ་དུ་མི་བཅུག་པ་བྱེད་དགོས།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ད་བར་བོད་ནང་སྐུ་ལུས་མེར་བསྲེགས་ཕུལ་མཁན་བརྒྱ་དང་ལྔ་བཅུ་ང་གསུམ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། རྩ་བའི་ཚོགས་པའི་ལས་འགུལ་སྤེལ་བཞིན་ཡོད་ཀྱང་། རྩ་འཛིན་དང་ཆ་འཇོག་ས་དེ་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ཁག་རེད། ང་ཚོས་སྙོབ་ས་དེ་གཅིག་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྙོབ་ཀྱི་ཡོད་ནའང་རེད། ཚོགས་པ་ཁག་གི་སྙོབ་ཀྱི་ཡོད་ཀྱང་། སྙོབ་པའི་སྐབས་སྙོབ་སའི་ཡུལ་དེ་དབུ་འཐོམ་བཅུག་པ་ཡིན་ན་ང་ཚོའི་ཞུ་ཚད་མི་ཐིག་པ་ཞིག་ཆགས་ཀྱི་ཡོད་རེད།
བོད་མི་ཡོངས་ཀྱི་ངོས་ནས་ཆབ་སྲིད་ཀྱི་གནད་འགག་བརྩི་དགོས་པའི་ཡིག་ཆ་ཁག་བཞི་ཡོད་པ་རྣམས་ནི། བཀའ་སྤྱི་གཉིས་ཀྱི་གསུམ་བཅུའི་དུས་དྲན་སྐབས་ཀྱི་གསུང་བཤད་དང་། ༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྐབས་ཀྱི་གསུང་བཤད། མང་གཙོའི་དུས་ཆེན་སྐབས་ཀྱི་གསུང་བཤད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་སྐབས་ཀྱི་གསུང་བཤད་བཅས་རེད། དེ་དག་ལ་གཞིར་བཞག་པའི་ཐོག་ནས་རྣམ་པ་ཚོས་ཆབ་སྲིད་ཀྱི་ལས་འགུལ་ཞིག་སྤེལ་ཐུབ་པ་ཡིན་ན། ཏན་ཏན་ཐུགས་ཕན་གསོས་པ་ཡོད་པ་རེད། གཞན་ཡང་གྲོས་གཞི་ལྔ་པ་དང་དྲུག་པ་སོགས་ཀྱི་ཐོག་གསུང་བཤད་ཟབ་རྒྱས་གནང་རྗེས། སྐུ་མགྲོན་ཁག་ནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་བཀའ་དྲིན་ཆེ་བའི་རྒྱབ་སྐྱོར་བ་ཁག་ཅིག་ལ་ཐུགས་རྗེ་ལེགས་འབུལ་གྱི་དྲན་རྟེན་ཕྱག་འཁྱེར་ཕུལ་གནང་བ་དང་། ཚོགས་པའི་དཔལ་འབྱོར་འདུ་འགོད་ཀྱི་རྒྱན་ཤོག་འཐེན་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དང་། ཆེ་བསྟོད་སྐུ་མགྲོན་འཇར་མན་ནས་ཡིན་པ་སྐུ་ཞབས་ཝེར་ཧེལ་ཌི་ལགས་དང་། བློ་བཟང་ལགས། དམིགས་བསལ་སྐུ་མགྲོན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་གསུང་བཤད་གནང་ཡོད་པ་བཅས། །