ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །འདི་གར་སྤུ་རུ་ཝ་ལ་ས་སྐྱ་བོད་མིའི་གཞིས་ཆགས་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ གླིང་ཚང་གཞིས་ཆགས་ནས་ཕེབས་ཐོན་གྱིས་ཆུ་ཚོད་ ༨།༥༠ ཐོག་སྤུ་རུ་ཝ་ལ་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ཕེབས་བསུའི་རྒྱལ་སྒོ་ཡོད་སར་ཕྱེ་མར་ཆང་ཕུད་འདེགས་འབུལ་དང་། གཞིས་ཆགས་མང་ཚོགས་ནས་ཕེབས་ལམ་གྱི་གཡས་གཡོན་དུ་རུ་བསྟར་སྒྲིག་སྟེ་ལག་ཏུ་མཇལ་དར་སོགས་ཐོགས་ཏེ་ཕེབས་བསུ་ཞུས།
དེ་ནས་གཞིས་ཆགས་སྤྱི་ཁང་གི་ཡང་སྟེང་མི་མང་ཞལ་འདོན་ཁང་གཞན་ཕན་འཕྲིན་ལས་གླིང་ནང་གསོལ་ཇ་འདེགས་འབུལ་དང་འབྲེལ་སྐུ་ངལ་འཁྱུག་ཙམ་གསོས་རྗེས་སྤྱི་ཁང་གི་འོག་ཐོག་མི་མང་ཚོགས་ཁང་ཀུན་དགའ་རྭ་ཆུང་ནང་གདན་ཞུ་གྲལ་འཁོད་ཟིན་འཕྲལ་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་།
མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ནང་སྲིད་བཀའ་བློན་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་ས་གནས་འགོ་འཛིན་དོན་ཁང་དབང་རྒྱལ་ལགས་ཀྱིས་ཕེབས་བསུའི་གཏམ་བཤད་ཞུས་རྗེས་བཀའ་བློན་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་བའི་སྙིང་དོན་དུ། སྐབས་ ༡༥ པའི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་། སླད་ཕྱིན་བོད་ཕྲུག་ཚོ་ནས་ཚད་མཐོའི་ཤེས་ཡོན་སློབ་སྦྱོང་མཐར་སོན་ཡོང་བ་བྱ་རྒྱུ་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་གྱི་སྙིང་པོ་ཡིན་པ་དང་། བོད་ཕྲུག་རྣམས་ནས་རིག་གཅིག་རྐང་འཛིན་གྱི་ཚད་མཐོའི་ཤེས་ཡོན་ལྡན་པ་ཤ་སྟག་ཅིག་ཡོང་ཐབས་བྱ་རྒྱུ་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་སྙིང་པོར་འཇོག་དགོས་པ།
གལ་ཆེའི་དམིགས་ཡུལ་འདི་བསྒྲུབ་ཐབས་སུ་གཞུང་དང་སྤྱི་ཚོགས། མི་སྒེར་བཅས་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་ཤུགས་སྣོན་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། ལྷག་པར་ཕ་མ་ཚོས་རང་གི་བུ་ཕྲུག་ལ་ཤེས་ཡོན་རྩེ་ཕུད་འཐོབ་སླད་རང་གི་ལུས་ངག་ཡིད་གསུམ་སྟེ་སྒོ་གསུམ་གྱི་ནུས་ཤུགས་དང་དཔལ་འབྱོར་མཐུན་རྐྱེན་བཅས་ཡོངས་སུ་བེད་སྤྱོད་བྱས་ཏེ་ཤེས་ཡོན་ཆེད་རང་གི་བུ་ཕྲུག་ལ་ཉིན་མཚན་དུས་དྲུག་ཏུ་རྒྱབ་སྐྱོར་དགོས་རྒྱུ་ཕྲུ་གུའི་ཆེད་ཕ་མའི་ལས་འགན་གཙོ་བོ་ཆགས་ཀྱི་ཡོད་པ་ཚང་མས་དུས་རྟག་ཏུ་མ་བརྗེས་པ་གནང་དགོས་སྐོར་སོགས་དང་།
༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་ནི་ང་ཚོ་བོད་མི་ཚོའི་ཚེ་རབས་གཏན་གྱི་དོན་གྱི་སྙིང་པོ་ཡིན་པས་ང་ཚོས་༸རྒྱལ་བ་དགྱེས་པའི་མཆོད་པ་འབུལ་མ་ཐུབ་ཀྱང་ཐུགས་ཕམ་སྐྱེ་གཞིའི་བྱ་བ་ཅུང་ཟད་ཙམ་ཡང་མ་ཐལ་བར་ཚང་མས་བསམ་གྲོས་གཅིག་ཏུ་སྒྲིལ་ཏེ་བོད་སྤྱི་པའི་རྩ་དོན་ཐོག་སྒོ་གསུམ་ནུས་པ་གཅིག་ཏུ་སྒྲིལ་ཏེ་ལས་ཀ་བྱ་དགོས། དེ་ལྟར་བྱུང་ན་༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་རྒྱུ་དང་ཐུགས་བཞེད་ལྷུན་གྲུབ་ཡོང་རྒྱུར་ཕན་རླབས་ངེས་ཅན་ཡོང་རྒྱུ་གདོན་མི་ཟ་བ་ཡིན། ༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་དང་མ་བརྟན་ནི་ང་ཚོ་བོད་མི་རིགས་ཀྱི་སྤྱི་མཐུན་བསོད་ནམས་ལ་རག་ལས་པ་ཡིན་པས། དེ་དོན་རྒྱུན་དུ་ཡིད་གཟབ་བྱ་དགོས་རྒྱུ་སོགས་རྒྱ་ཆེ་གཏིང་ཟབ་ཀྱི་གསུང་བཤད་ཟབ་མོ་གནང་རྗེས་མང་ཚོགས་ཀྱིས་བཀའ་འདྲི་དང་བསམ་ཚུལ་ཞུས་པ་ཁག་ལ་ལན་འདེབས་དང་གསལ་བཤད་ཟབ་རྒྱས་གནང་ཡོད།
མཛད་སྒོའི་ཐོག་ས་གནས་འགོ་འཛིན་གྱིས་དམིགས་བསལ་ཞུ་དོན་དོན་ཚན་གཉིས་ཤིག་ཕུལ་ཡོད་པ་ནི། ཞུ་དོན་དང་པོ། དམིགས་བསལ་སྙན་སེང་ཞེས་པའི་བརྗོད་ཚིག་འོག་ཞུས་དོན་དུ། “གཞིས་མི་ཨ་བུར་ཞེས་པ་རང་ལོ་ ༨༤ ཅན་པ་ནས་གཞིས་ཀེམ་ནང་གི་མི་མང་ཞལ་འདོན་ཁང་དང་མ་ཎི་ལྷ་ཁང་མཐའ་སྐོར་དུ་ཟངས་དམར་གྱི་མ་ཎི་ལག་སྐོར་གྲངས་ ༦༠ གསར་བཞེངས་ཞུ་རྒྱུའི་སྦྱིན་བདག་ཐོན་ཏེ་མ་ཎི་ལག་སྐོར་རྣམས་གསར་བཞེངས་ཞུ་མུས་སུ་ཡོད་པ་རིང་མིན་ཟླ་ཤས་ནང་ཚར་རེ་ཡིན། མ་ཎི་ལག་སྐོར་རེར་སྒོར་ ༥༥༠༠ ཐམ་པ་རེ་གནས་ཀྱི་ཡོད། ཨ་བུར་ལགས་ནི་མི་ཧྲེང་ཡིན་པ་མ་ཟད། དཔལ་འབྱོར་གནས་སྟངས་ཀྱང་དེ་ཙམ་ཕྱུག་པོ་མིན་ཡང་ཁོང་རང་ཉིད་རྒྱུན་དུ་ཆོས་ལ་དད་ཞེན་དང་། སྤྱི་སྨན་ལྷག་བསམ། གཏོང་ཕོད་ཀྱི་བསམ་རྒྱ་བཅས་ཀྱིས་སྒོ་ནས་རང་ལ་དཔལ་འབྱོར་ཕྲན་བུ་ཡོད་ཁོངས་ནས་བགོ་བཤའ་བརྒྱབ་སྟེ་དེ་ལྟར་སྤྱི་དོན་ཐོག་གཏོང་རྒྱུའི་རྨད་བྱུང་ལྷག་བསམ་བསྐྱེད་པར་འདི་ག་ས་གནས་འཛིན་སྐྱོང་དང་གཞིས་མི་མང་ཚོགས་བཅས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་མཚོན་སླད་མཚན་གནས་ཆེ་བའི་མི་སྣ་ཞིག་གི་ཕྱག་བརྒྱུད་ཨ་བུར་ལགས་སུ་ཐུགས་རྗེ་ཆེ་ཞུའི་མཇལ་དར་ནང་མཛོད་ཅིག་འབུལ་རྒྱུ་བྱུང་ན་སྙམ་པའི་བསམ་བློ་ཡོད་བཞིན་པའི་སྐབས་ད་རེས་ནང་སྲིད་བཀའ་བློན་མཆོག་ས་གནས་སུ་ཕེབས་པའི་གོ་སྐབས་བཟང་པོ་འདི་བཟུང་སྟེ་བཀའ་བློན་མཆོག་གི་ཕྱག་ནས་ཨ་བུར་ལགས་སུ་ལེགས་དར་ནང་མཛོད་ཅིག་གནང་སྐྱོང་ཡོང་བ་ཞེས་ཞུས་དོན་ལྟར་བཀའ་བློན་མཆོག་གིས་ཐུགས་དགྱེས་ཚོར་སྒོ་ནས་ཁོང་ལ་ལེགས་དར་གནང་ཡོད།
དེ་བཞིན་གཞིས་མི་དབང་འདུས་རྒྱལ་པོ་ལགས་ཀྱིས་ཀྱང་འདི་གའི་སྤྱི་སྨན་སླད་དུ་འདི་གའི་མི་མང་ཞལ་འདོན་ཁང་ནང་འཛིན་ཆས་གསར་པ་དང། ཞལ་འདོན་ཁང་གི་རྒྱབ་ཕྱོགས་སུ་མ་ཎི་ལྷ་ཁང་གསར་བཞེངས། མི་མང་སྤྱི་ཁང་གི་ཉེ་འཁྲིས་སུ་སྤྱི་པའི་མཆོད་མེ་ཁང་གསར་བཞེངས།
ཡང་ཁོང་ལ་ཡིད་སྨོན་བྱ་འོས་གནད་དོན་གཞན་ཞིག་ནི། ཡུལ་མི་མཱ་ཧན་སིངྒ་ Mahan Singh ཞེས་པ་དེ་སྔོན་ལོ་ངོ་ལྔ་དྲུག་ཙམ་རིང་འདི་ག་གཞིས་ཆགས་ཚོགས་པའི་ཤིང་འཛུགས་ལས་གཞིའི་ལས་བྱེད་ཡིན་པ་བར་ལམ་ཁོ་པ་ནད་མནར་གྱིས་ཟླ་གཅིག་ལྷག་ཙམ་རིང་སྨན་ཁང་ནང་ལུས་པར་སྨན་རིན་སྤྲོད་རྒྱུ་མེད་པའི་དཀའ་ངལ་འཕྲད་སྐབས་འདི་གའི་གཞིས་མི་མང་ཚོགས་ནས་ཞལ་འདེབས་བསྡུ་སློང་བྱས་པའི་དངུལ་འབབ་ཀྱིས་མ་ལྡེང་པའི་སྐབས་དེར་སྨན་ཁང་གི་སྨན་རིན་དང་། ཁོ་པ་སྨན་ཁང་ནས་ཐོན་རྗེས་ལོ་གཅིག་དང་ཕྱེད་ཙམ་གྱི་སྨན་རིན་བཅས་དབང་འདུས་རྒྱལ་པོ་ལགས་ཀྱིས་རོགས་སྐྱོར་ནར་གཏོང་གནང་བ་སོགས་ཁོང་ནི་སྙིང་རྗེ་ཅན་ཞིག་ཡིན་པས་ཁོང་ལའང་དེ་ལྟར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་མཚོན་སླད་དེ་ལྟར་ལེགས་དར་ཞིག་འབུལ་རྒྱུ་བྱུང་ན་སྙམ་ཡང་ཁོང་དེང་སྐབས་ས་གནས་སུ་ངོ་བཞུགས་མེད་པས་དེ་ལྟར་ཞུ་ཐབས་མ་གྱུར། ཁོང་ལའང་དམིགས་བསལ་རྒྱུ་སྟོབས་ཆེ་བ་དེ་འདྲ་གང་ཡང་མིན་ཡང་སྤྱི་སེམས་ལྷག་བསམ་དང་བྱམས་སྙིང་ལྡན་པའི་གང་ཟག་ཅིག་ཡིན་པ་བཀའ་བློན་མཆོག་ལ་སྙན་སེང་ཞུས་ཡོད།
ཉིན་རྒྱབ་ཆུ་ཚོད་ ༡༢།༤༠ ཐོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །