ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༥ ནས་ ༡༦ བར་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་ཀྱི་ཚོགས་ཁང་གསར་པའི་ནང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་མཐུན་འགྱུར་གནང་ཐོག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་གཟབ་རྒྱས་ངང་སྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་གཙོ་འཛིན་སྐུ་ཞབས་ཨཱནནྡ་ཀུ་མཱར་ Anand Kumar ལགས། དམིགས་བསལ་སྐུ་མགྲོན་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ RSS ཚོགས་གཙོ་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ Indresh Kumar མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་མཆོག་དང་། ཚོགས་གཞོན་སྐུ་ཞབས་སུན་དར་ཀུ་མཱར་ Sunder Kumar ལགས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ། ཕྱི་དྲིལ་དྲུང་ཆེ་དང་དྲུང་འཕར། དེ་བཞིན་རྒྱ་གར་མངའ་སྡེ་ཁག་ ༢༡ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་བཅར་བ་མི་གྲངས་ ༢༡༦ དང་། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༥༠ ཡས་མས་ཙམ་ལྷན་འཛོམས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར།
དེ་ནས་སྐུ་མགྲོན་རྣམས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་འཕགས་བོད་གཉིས་ཀྱི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་མྱ་ངན་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས།
དེ་རྗེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། ཚང་མའི་མཁྱེན་གསལ་ལྟར། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་འབུམ་གཅིག་ལྷག་ཙམ་རང་ཡུལ་གྱར་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་༸ཞབས་སོར་བཀོད་པ་རེད། སྐབས་དེར་རྒྱ་གར་གཞུང་གིས་མགོན་པོ་གང་ཉིད་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་སྐུ་མགྲོན་གྱི་ཚུལ་དུ་སྣེ་ལེན་ཞུས་པ་ནས་བཟུང། ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཞུགས་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་གྲོང་ཁྱེར་ཀལ་ཀ་ཏར་རུ་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་ཛཱཡཱ་པྲ་ཀཱཤ་ན་ར་ཡན་ Jai Prakash Narayan མཆོག་གིས། བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐོག་All India Convention on Tibet བོད་ཀྱི་གནད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གྲགས་ཅན་ཞིག་སྤེལ་མྱོང་ཡོད། དམ་པ་ཁོང་གི་གཏམ་བཤད་དེ་ལ་བརྟེན་ད་བར་ང་ཚོས་ལས་དོན་དེ་དག་སྤེལ་ཐུབ་པ་བྱུང་ཡོད།
བོད་ནང་ལ་མཚོན་ན། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་པར་བརྟེན། བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༣ རང་ལུས་མེར་སྲེག་བཏང་ཡོད། ང་ཚོ་རྒྱ་གར་བ་ཚོའི་ངོས་ནས། བོད་མི་ཚོར་རང་དབང་ཐོབ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད་བྱེད་དགོས་པ་ཞིག་ཀྱང་རེད། གང་ཡིན་བརྗོད་ན། རྒྱ་གར་བ་མ་གཏོགས་རྒྱལ་ཁབ་གཞན་སུས་ཀྱང་དེ་ལྟར་བྱེད་མི་ཐུབ། ད་བར་ང་ཚོས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་མང་པོ་ཚོགས་པ་རེད། ཚོགས་ཆེན་ནམ་འཚོགས་སྐབས་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲད་ཀྱང་བྱས་ཡོད། བོད་དེ་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་ཙམ་མ་ཟད། བོད་མི་ཚོ་ནི་ང་ཚོ་དང་ནང་མི་གཅིག་ལྟ་བུ་ཡིན། འདུ་ཤེས་འདི་འདྲ་ཞིག་འཛིན་ནས་རྒྱ་གར་རྒྱལ་ཡོངས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ང་ཚོས་བོད་དོན་དྲིལ་བསྒྲགས་རྒྱ་གང་ཆེ་སྤེལ་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་ཆེ་བསྟོད་སྐུ་མགྲོན་སྐུ་ཞབས་ཨནཱནྡ་ཀུ་མར་ལགས་ཀྱིས་གསུང་དོན། དེ་རིང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་སྐུ་མགྲོན་རྣམས་ནས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་ལྟར། དེ་སྔོན་ལོ་ངོ་དྲུག་ཅུ་གོང་སྟེ། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་གྲོང་ཁྱེར་ཀལ་ཀ་ཏར་རུ་ཛཱཡཱ་པྲ་ཀཱཤ་ན་ར་ཡན་མཆོག་གིས་དབུ་ཁྲིད་འོག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ All India Convention on Tibet ཆེས་ཐོག་མ་ཚོགས་པར་བརྟེན་རེ་བ་བཟང་པོ་ཞིག་ཐོབ་པ་རེད། དེར་བརྟེན་ད་ཆ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ལས་འགུལ་འདྲ་མིན་སྤེལ་ཐུབ་པ་བྱུང་ཡོད།
འཛམ་གླིང་ཞི་བདེའི་དེེད་དཔོན་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་པའི་སྐབས་སྣེ་ལེན་གཟབ་རྒྱས་ཞུས་བཞིན་ཡོད། བོད་མི་ཚོར་བདེན་པ་ཡོད་སྟབས་ད་ཆ་རྒྱལ་ཁབ་མང་པོ་ཞིག་གིས་བོད་མིའི་དྲང་བདེན་གྱི་འཐབ་བརྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་བཞིན་པར་བརྟེན་ད་བར་བོད་མི་ ༡༥༣ རང་ལུས་མེར་སྲེག་བཏང་ཡོད། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་གི་ལུས་སྲོག་མེར་སྲེག་གཏོང་མཁན་དེ་ཙམ་རྒྱལ་ཁབ་གཞན་ནང་བྱུང་མྱོང་མེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་བཞིན་འཚེ་མེད་ཞི་བ་གྲོས་མོལ་ཀྱི་ལམ་ནས་སེལ་ཐབས་བྱེད་དགོས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ནས་བཟུང་བོད་རྒྱ་འབྲེལ་མོལ་ཆད་པ་དེ་བསྐྱར་གསོ་ཡོང་སླད་རྒྱ་ནག་གཞུང་གིས་འབད་བརྩོན་གནང་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་མཆོག་གིས་གསུང་བཤད་གནང་བསྟུན།
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐོག་མར་དགའ་བསུའི་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ཁ་སང་བོད་ཀྱི་ཟློས་གར་ཚོགས་པ་ནས་གཞས་དང་རྒྱ་གར་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད། ཕྱོགས་མཚུངས་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ངས་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་སླད། བོད་ཀྱི་ཟློས་སྒར་ཚོགས་པ་བརྒྱུད་ནས། ཐུགས་རྗེ་ཆེ་རྒྱ་གར། ཞེས་པའི་གླུ་གཞས་ཤིག་གཟིགས་འབུལ་ཞུས་ཡོད། གླུ་གཞས་འདི་བཞིན་རྒྱ་གར་གཞུང་དང་མང་ཆོགས་ལ་ཆེད་དུ་དམིགས་བསལ་གྱིས་བརྩམས་པ་ཞིག་ཡིན། ཁྱེད་རྣམ་པ་སྤྲོ་བོ་བྱུང་བའི་རེེ་བ་ཡོད། ཆོགས་ཆེན་དེ་བཞིན་ཚགས་ཚུད་པོ་ཡོང་བར་དང་། བོད་ཀྱི་གནད་དོན་རྣམས་མྱུར་དུ་གསལ་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུས་ཐུབ་པའི་སྨོན་འདུན་ཡོད།
བོད་ཀྱི་གནད་དོན་ནི་ཧ་ཅང་ཛ་དྲག་པོ་ཞིག་རེད། ལོ་ལྟར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་རང་དབང་ཁང་པ་ Freedom House ཞེས་པས། འཛམ་གླིང་ནང་གི་རང་དབང་། ཞེས་པའི་སྙན་ཐོ་བཏོན་པའི་ནང་། ལོ་གསུམ་བསྟུད་མར་འཛམ་གླིང་ནང་རང་དབང་ཆེས་ཞན་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་བོད་ཆགས་ཡོད་པ་འཁོད་ཡོད། རང་དབང་སྡུག་ཤོས་རྒྱལ་ཁབ་སི་རི་ཡ་དང་། དེ་རྗེས་བོད་ཡིན་པ་འཁོད་ཡོད། སྙན་ཐོ་དེ་ལྟར་ན། བོད་ནང་ཆོས་དད་རང་དབང་མེད་པ་དང་། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཚབས་ཆེ་བྱེད་བཞིན་པ་སོགས་འཁོད་འདུག
བོད་ནང་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་ཧ་ཅང་ཁག་པོ་ཡོད་པར་བརྟེན། ཉེ་ལམ་ཨ་རིའི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act ཁྲིམས་སུ་གཏན་འབེབས་གནང་ཐུབ་བྱུང་ཡོད་སྟབས། ད་ཆ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གོང་གི་གནད་དོན་ཐོག་གླེང་སློང་བྱེད་བཞིན་ཡོད། ཕྱོགས་མཚུངས་རྒྱ་གར་གཞུང་ནས་ཀྱང་དེ་དེ་བཞིན་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
ད་ཆ་རྒྱལ་ཁབ་འདྲ་མིན་ཁག་ཏུ་རྒྱ་ནག་གཞུང་གི་གནོན་ཤུགས་དེ་བཞིན་ཚོང་འབྲེལ་ཙམ་མ་ཟད། རྒྱལ་ཁབ་ཀྱི་ཆབ་སྲིད་ཐོག་ལའང་གནོན་ཤུགས་སྤྲོད་བཞིན་ཡོད། དེ་སྔོན་རྒྱ་གར་གྱི་སྲིད་བློན་ཟུར་པ་དང་མཁས་དབང་མང་པོ་ཞིག་གིས་བོད་རང་བཙན་ཤོར་བ་དེ་ནི་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་སྐོར་དང་། དེའི་ཐོག་ངེས་པར་དུ་དོ་སྣང་དང་ཤུགས་བསྐྱོན་དགོས་ཀྱི་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད། ཅེས་དང་།
གཞན་ཡང་སྲིད་སྐྱོང་མཆོག་དེ་སྔོན་ལྷོ་ཨ་ཕི་རི་ཀ་དང་ཊོ་རོན་ཊོའི་མཐོ་སློབ་སོགས་ལ་གསུང་བཤད་གནང་སྐབས་རྒྱ་རིགས་སློབ་ཕྲུག་ཁག་གཅིག་གིས་ངོ་རྒོལ་བྱས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་རྣམས་ནས་ཧིན་སྐད་ཐོག་ནས་ཡིན་པའི་དཔེ་དེབ། ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོན་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་བར་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཡིན། ཞེས་པའི་དཔེ་དེབ་དབུ་འབྱེད་གནང་།
མཐར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་དེ་བཞིན་རྒྱལ་ཁའི་ངང་ནས་གྲོལ་བ་བཅས། །