ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་༢༠༡༩ ཟླ་ ༦ ཚེས་ ༢ རེས་གཟའ་ཉི་མའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་འཇར་སིར་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་དབུ་འབྱེད་མཛད་སྒོ་གཟབ་རྒྱས་ངང་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྣམ་གཉིས་ཀྱིས་དར་མཚོན་སྣ་ལྔ་གཅོད་འབྲེག་གནང་སྟེ་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་ཕུན་ཚོགས་སྡེ་བཞི་དབུ་འབྱེད་གནང་རྗེས་གྲོང་ཁྱེར་ནིའུ་ཡོག་གི་ Sunnyside District 26 གྲོང་སྡེའི་འཐུས་མི་སྐུ་ཞབས་ཇི་མི་ཝན་བར་མར་ Jimmy Van Bramer ལགས་ཀྱིས་སྤྱི་ཁང་ཕུན་ཚོགས་སྡེ་བཞིའི་མདུན་ལམ་ ༼ བོད་ཀྱི་ལམ། ༽ ཞེས་པའི་མཚན་བྱང་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་སྟེ་སྐུ་མགྲོན་གཙོ་བོས་དབུས་གཞན་སྐུ་མགྲོན་དང་མི་མང་རྣམས་༸རྒྱལ་ཡུམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་བྱམས་བརྩེ་དགའ་འཁྱིལ་ནང་དབུ་འབྱེད་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་།
སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་དམིགས་བསལ་སྐུ་མགྲོན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཕྱོགས་བཞུགས་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་ཚེ་དབང་རིག་འཛིན་ལགས། སྤྱི་འཐུས་ངག་དབང་ཐར་པ་ལགས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་རྣམས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་བསིལ་ཕུལ་ཡོད། དེ་རྗེས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གསུང་བཤད་གནང་།
སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས། དེ་རིང་འདི་གར་ཆིབས་སྒྱུར་བསྐྱངས་པའི་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་སྤྱི་འཐུས་རྣམ་པ། བཀའ་ཟུར་དང་སྲི་ཞུ་ཟུར་པ་རྣམ་པ། སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ། དེ་བཞིན་མི་མང་ཡོངས་ལ་ཐོག་མར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། སྤྱི་ཁང་ཕུན་ཚོགས་སྡེ་བཞི་ཆེད་དུ་རོགས་སྐྱོར་གནང་མཁན་དང་ད་བར་ཚོགས་ཁང་ཆེད་སྐུ་ལས་བསྐྱོན་མཁན་ཡོངས་ལ་དེ་རིང་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱིར་སྥྱི་ཁང་ཕུན་ཚོགས་སྡེ་བཞིའི་མིང་བྱང་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་གནང་མཛད་པ་ཞིག་ཡིན་སྟབས་ཧ་ཅང་སྐལ་པ་བཟང་པོ་རེད། ཕྱོགས་མཚུངས་དབུ་འབྱེད་མཛད་སྒོ་ཐོག་དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ཕེབས་ཐུབ་པ་ནི་བསོད་ནམས་དང་སྐལ་བ་བཟང་པོ་རེད།
ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ནང་གསལ་ལྟར། དགུང་ལོ་ ༡༢ སྐབས་བོད་ཁ་བ་ཅན་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་ད་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཉམས་ལེན་དང་ཕྱག་བསྟར་གནང་སྟེ་ཕེབས་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་རྡོ་རྗེ་སློབ་དཔོན་ཐེངས་མང་ཤོས་གནང་མཁན་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནས་གནང་ཡོད། རིན་པོ་ཆེ་རྣམ་གཉིས་དབར་འབྲེལ་བ་ཧ་ཅང་གཏིང་ཟབ་ཡོད།
གཞི་རྩའི་དེ་རིང་ཚོགས་གཙོ་ཟུར་པ་མང་པོ་ཞིག་ཕེབས་པ་རྣམས་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས། རྒྱུན་ལས་གསར་པ་ནང་ཁུལ་མཐུན་སྒྲིལ་ཡོད་པར་བརྟེན་མཛད་སྒོ་ཚགས་ཚུད་བྱུང་ཐུབ་པ་མ་ཟད། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་གཞན་སྐུ་མགྲོན་རྣམས་ཕེབས་ཐུབ་པ་བྱུང་ཡོད། རྒྱུན་ལས་རྣམས་ནས་མུ་མཐུད་ཕྱག་ལས་ཡག་པོ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ཉེ་ཆར་ཟླ་ ༥ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་ནས་དགུང་ལོ་ ༡༡༠ བར་འཚོ་ཐུབ་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད། དེ་ཉིན་མང་གཙོའི་ཀ་བ་གསུམ་གྱིས་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ངལ་མང་ཙམ་གསོ་རོགས་ཞེས་ཡིག་ངག་གཉིས་ཐོག་ནས་ཕུལ་ཡོད། བརྟན་བཞུགས་སྐབས་གང་ཉིད་མཆོག་ནས་ཚང་མས་ངོས་རང་ངལ་གསོ་བརྒྱག་རོགས་ཞེས་གསུང་བྱུང་། ངོས་ལ་དགོས་རྒྱུ་དེ་རེད། ཅེས་བཀའ་སྩལ་ཡོད།
ད་བར་བོད་མི་རྣམས་རྒྱལ་ཁབ་གཞན་དང་འདྲ་མཉམ་ལྟར་འགྲོ་ཐུབ་པ་དང་བོད་དོན་ཐོག་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་རྒྱབ་སྐྱོར་ཐོབ་པ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༤ ཕེབས་ལ་ཉེ་བར་ཡིན་སྟབས། མགོན་པོ་གང་ཉིད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྔར་བཞིན་ཆིབས་སྒྱུར་བསྐྱང་རྒྱུ་ཟེར་བ་ད་ཆ་ཕྲན་བུ་ཁག་པོ་རེད།
བོད་མི་མི་རེ་ངོ་རེས་བོད་དོན་དྲིལ་བསྒྲགས་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་མ་ཟད་འགན་ཡང་ཡོད། བོད་མི་ཚོས་ནང་ཁུལ་ཆོལ་ཁའི་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་གནས་ཚུལ་ཙག་ཙིག་རིགས་ལ་མགོ་འཐོམས་ནས་མ་བསྡད་པར་གཟབ་གྲུང་བྱེད་དགོས་ཀྱི་ཡོད། བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རྒྱུ་ནི་གལ་ཆེ་ཤོས་ཡིན། དེ་ལྟར་མ་བྱས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ཡོང་ངེས་རེད། མགོན་པོ་གང་ཉིད་མཆོག་ཐུགས་ཕམ་མ་ཡོང་བ་བྱ་རྒྱུ་ནི་ང་ཚོའི་འགན་རེད། མགོན་པོ་གང་ཉིད་ནས་དུས་རྒྱུན་བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་པའི་བཀའ་སློབ་སྩལ་དང་སྩོལ་བཞིན་ཡོད། བོད་མིའི་ནང་ཁུལ་མཐུན་སྒྲིལ་ཡོད་པའི་ཐོག་ནས་ཆབ་སྲིད་ཐད་འགན་འཁྱེར་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།
སྐབས་དེར་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ནས་མདོ་སྨད་འཁྲབ་གཞས་ལྷ་རྩེད་དང་གར། ཁམས་གཞས་ཚེ་རིང་མཚོ་མོ། གཙང་འགྲིགས་པའི་འཁྲབ་གཞས་མཆོད་པ་བཅས་དང་། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཆོལ་གསུམ་ཟློས་གར་ནས་འཁྲབ་སྟོན་བཅས་གཟིགས་འབུལ་ཞུས་ཏེ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད།
གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ ཐོག་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སྲིད་སྐྱོོང་ལྷན་དུ་དགོང་དྲོའི་གསོལ་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་བཅས། །