ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཚོགས་དྲུང་ལས་ཁུངས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྤྲུལ་སྐུ་བསྟན་འཛིན་ལྷུན་གྲུབ་མཆོག་གི་ཁྲི་སྟོན་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་མཉམ་ཞུགས་གནང་ཡོད།
ཁྲི་སྟོན་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་འདུག གཞན་ཡང་མཛད་སྒོའི་ཐོག་སེར་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས། དགེ་འདུན་པ་སྟོང་ཕྲག་བརྒལ་བ་བཅས་ཕེབས་གནང་ཡོད་འདུག
སྤྲུལ་སྐུ་བསྟན་འཛིན་ལྷུན་གྲུབ་མཆོག་ནི་བལ་ཡུལ་ཤར་ཁུམ་བུར་སྐུ་འཁྲུངས་ཤིང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གྲུབ་པའི་དབང་ཕྱུག་རྒན་ལམ་རིམ་པ་བློ་བཟང་འཇམ་དཔལ་བསྟན་འཛིན་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་འདུག་པ་བཅས། །