ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ རེས་གཟའ་པ་སངས།
༄༅། །དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ ནས་ ༡༨ བར་ཉིན་གྲངས་ལྔའི་རིང་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་དེ་གའི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་བཅས་ལ་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི། དེ་བཞིན་དམར་ཁྲིད་ཟབ་སྦྱོང་གནང་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་སྤྱི་འཐུས་ཚོགས་གཞོན་མཆོག་སེ་ར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྤྲུལ་སྐུའི་ཁྲི་སྟོན་མཛད་སྒོའི་ཐོག་ཆེད་བཅར་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་དེ་གའི་ས་འཐུས་རྣམ་པ་དང་། ས་གནས་འགོ་འཛིན་བཅས་ལ་གོང་བཞིན་ས་འཐུས་ཟབ་སྦྱོང་གནང་རྒྱུའི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད། །
དེ་ཡང་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཕྱི་ཚེས་ ༩ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༤ ནས་ས་གནས་ལས་འཆར་ཁག་འགོ་འཛུགས་གནང་རྒྱུ། ཕྱི་ཟླ་ ༧ པའི་ནང་རྒྱ་གར་ལྷོ་ཕྱོགས་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །