ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།
༄༅། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་མེ་སོར་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༣ སྔ་དྲོའི་ཆུ་ཚོད་ ༨ ཐོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་གྱིས་གཙོས་ལས་བྱེད་རྣམས་དང༌། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་ལས་བྱེད། སློབ་གྲྭའི་སློབ་སྤྱི། དགོན་སྡེ་ཁག་གི་ཕྱག་མཛོད། ས་གནས་སྨན་ཁང་ཁག་གཉིས་ཀྱི་འགན་འཛིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་འཛིན་དང་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས་ཚོུད་ ༡༠ ཐོག་གཞིས་སྤྱི་ཚོགས་ཁང་དུ་མི་མང་དང་བཙུན་དགོན་བྱང་ཆུབ་གླིང་གི་བཙུན་མ་རྣམས་ལ་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་དང་།
དུས་རྒྱུན་དུ་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་དགོས་པའི་འབོད་སྐུལ་གནང་བ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འཕེལ་རིམ་དང་དམིགས་ཡུལ། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང༌། དམིགས་བསལ་ཚོགས་ཆེན་གྱི་གལ་གནད། བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་གལ་ཆེའི་ལས་གཞི་ཁག་ངོ་སྤྲོད།
བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་སྤྱི་དང་། ལྷག་པར་སྔོན་རྩིས་ཀྱི་འགྲོ་སྟངས་སོགས་དཔལ་འབྱོར་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་ཁག་དང་། དང་བླངས་དཔྱ་དངུལ་གྱི་གལ་གནད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ལས་གཞི་བཅས་ཀྱི་སྐོར་གསུང་བཤད་གནང་རྗེས་དོགས་འདྲི་ཁག་ལ་བཀའ་ལན་གནང་ཡོད།
དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ ནས་ཁྱབ་ཁོངས་སོ་ནམ་སློབ་སྟོན་པའི་རྩེ་ཤིང་རྩ་འབོད་ཁང་ལ་འཚམས་གཟིགས་གནང་བ་དང༌། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་སློབ་གྲྭ་དབུས་མར་སློབ་ཕྲུག་ཡོངས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་དང་། བཀའ་དྲིན་རྗེས་དྲན་ཞུ་ཕྱོགས་སོགས་གོང་བཞིན་བརྗོད་གཞི་ཁག་དང༌། ལྷག་པར་བོད་མི་གཞོན་སྐྱེས་ཚོའི་ཤེས་ཡོན་གྱི་གལ་གནད་དང་། སྤྱི་པའི་ལྷག་བསམ་འཁྱེར་ཕྱོགས་བཅས་ཀྱི་ཐོག་གསུང་བཤད་གནང་རྗེས་འཛིན་ཁང་དང༌། ཉལ་ཁང༌། སློབ་གྲྭའི་སྨན་ཁང་བཅས་ལ་གཟིགས་སྐོར་གནང་།
དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་གཞིས་གྲོངས་ ༦ པའི་སློབ་གྲྭར་གཟིགས་སྐོར་གནང་བ་དང་འབྲེལ་གོང་བཞིན་བརྗོད་གཞི་ཁག་གི་ཐོག་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༢༥ ཉིན་ས་གནས་འཐུས་ཚོགས་ཀྱི་ལས་ཁུངས་དང༌། ས་གནས་འགོ་འཛིན་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་ལས་ཁང༌། མཉམ་འབྲེལ། ཡན་ལག་སྨན་རྩིས་ཁང༌། ས་གནས་འཕྲོད་བསྟེན་སྨན་ཁང༌། རྒས་གསོ་ཁང༌། བཙུན་དགོན་བཅས་སུ་འཚམས་གཟིགས་གནང་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ ནས་དགའ་ལྡན་བྱང་རྩེ་དང༌། ཤར་རྩེ། རྙིང་དགོན། གཞི་རིམ་འོག་མའི་ཟམ་པ་སློབ་གྲྭ་བཅས་སུ་འཚམས་གཟིགས་གནང་ཡོད།
ཕྱི་ཚེས་ ༢༦ ཉིན་སྔ་དྲོ་ཚོུད་ ༨ ཐོག་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་འབྲས་བློ་གླིང་དང༌། སྒོ་མང༌། ས་སྐྱ། ར་སྟོད། བཀའ་བརྒྱུད་བཅས་ཀྱི་དགེ་འདུན་པ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་བཀའ་དྲིན་རྗེས་དྲན་ཞུ་ཕྱོགས་སོགས་གོང་བཞིན་བརྗོད་གཞི་ཁག་གི་ཐོག་གསུང་བཤད་གནང་བ་དང་འབྲེལ་དོགས་འདྲི་ཁག་ལ་བཀའ་ལན་གནང་རྗེས། རིམ་བཞིན་དགོན་སྡེ་ཁག་ལ་གནས་གཟིགས་གནང་ཡོད། ཉིན་རྒྱབ་ཆུ་ཚོད་ ༢ ཐོག་དགའ་ལྡན་བླ་སྤྱིའི་འདུ་ཁང་དུ་དགའ་ལྡན་བྱང་རྩེ་དང༌། ཤར་རྩེ། རྙིང་མ་བཅས་ཀྱི་དགེ་འདུན་པ་རྣམས་ལ་གོང་བཞིན་བརྗོད་གཞི་ཁག་གི་ཐོག་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༢༧ སྔ་དྲོའི་ཆུ་ཚོད་ ༨ ཐོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཕེབས་ཐོན་གྱིས་གོ་ཝ་གྲོང་ཁྱེར་དུ་ས་གནས་སུད་ཚོང་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་འབྲེལ་ཁྲོམ་རར་གཟིགས་སྐོར་གནང་རྗེས་གནས་སྡོད་བོད་མི་རྣམས་ལ་ལམ་སྟོན་གསུང་བཤད་གནང་གྲུབ་མཚམས་ཕྱི་དྲོའི་ཆུ་ཚོད་ ༦།༥༠ ཐོག་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང༌།
སྤྱིར་དཔལ་འབྱོར་བཀའ་བློན་མཆོག་ཟླ་འདིའི་ཚེས་ ༡༢ ནས་སྦེང་ལོར་དང༌། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔ། དེ་བཞིན་ཨུ་ཏྲི། མེ་སོར། གོ་ཝ་བཅས་སུ་འཚམས་གཟིགས་གནང་རྒྱུའི་ལས་རིམ་ཁག་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༢༩ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང༌། ད་རེས་བཀའ་བློན་མཆོག་དང་ལྷན་དུ་དཔལ་འབྱོར་ལས་དྲུང་བཟོད་པ་རྒྱ་མཚོ་ལགས་ལྷན་བཅས་ཞུས་ཡོད་པ་བཅས། །