ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༣ རེས་གཟའ་ཕུར་བུའི་ཉིན་སྦེང་ལོར་ནས་ཕེབས་ཐོན་གྱིས་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་དང་། མཉམ་འབྲེལ་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། སེ་ར་བྱེས་སྨད་ཀྱི་ཕྱག་མཛོད། འཚོ་བྱེད་ཁང་གསར་སྨན་ཁང་གི་འགན་འཛིན། དེ་བཞིན་ལུགས་བདེ་གཉིས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་འགན་འཛིན་དང་སྐུ་ཚབ་བཅས་ནས་སྦེལ་ཀོབ་ལུགས་བསམ་གཞིས་ལས་ཁང་གི་མདུན་ཐང་དུ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་རྗེས། དགོང་དྲོའི་ཆུ་ཚོད་ ༦ ཐོག་སེ་ར་བླ་སྤྱིའི་འདུ་ཁང་དུ་དཔལ་འབྱོར་བཀའ་བློན་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་དུས་རྒྱུན་དུ་མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་རང་རེའི་ལས་འགན་ཞུ་སྒོ་གང་ལེགས་བསྒྲུབ་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་དང་དམིགས་ཡུལ། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ངམ་ཕུག་བསམ་དང་འབྲེལ་བའི་དགོངས་གཞི། རིང་མིན་བཞུགས་སྒར་རྡ་རམ་ས་ལར་འཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་གྱི་གལ་གནད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་གལ་ཆེའི་ལས་གཞི་ཁག་གི་སྐོར་ངོ་སྤྲོད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་སྤྱི་དང་། ལྷག་པར་སྔོན་རྩིས་འགྲོ་སྟངས་དང་བྱུང་སོང་བསྡད་གསུམ་གྱི་གནས་བབ། དཔལ་འབྱོར་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་དང་བླངས་དཔྱ་དངུལ་གྱི་གལ་གནད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ད་ལྟ་དང་མ་འོངས་ལས་གཞི་བཅས་ཀྱི་ཐད་གསུང་བཤད་དང་དོགས་འདྲི་ཁག་ལ་བཀའ་ལན་བཅས་གནང་ཡོད།
དེ་རྗེས་ཕྱི་ཚེས་ ༡༤ དང་ ༡༥ བཅས་ཉིན་གཉིས་སོ་སོར་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་རིས་མེད་དགོན་སྡེ་ཁག་དང་གཞིས་སྤྱི་༸རྒྱལ་བའི་ཕོ་བྲང་དུ་གནས་གཟིགས་དང་། དེ་བཞིན་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། རྒས་གསོ་ཁང་། འཚོ་བྱེད་ཁང་གསར་སྨན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད།
ཕྱི་ཚེས་ ༡༦ སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སྦེལ་ཀོབ་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་ལུགས་བདེ་གཉིས་ཀྱི་མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་བཀའ་དྲིན་རྗེས་དྲན་ཞུ་ཕྱོགས་སོགས་གོང་བཞིན་བརྗོད་གཞི་ཁག་དང་། ལྷག་པར་བོད་མི་གཞོན་སྐྱེས་ཚོའི་ཤེས་ཡོན་ཀྱི་གལ་གནད་དང་སྤྱི་པའི་ལྷག་བསམ་འཁྱེར་ཕྱོགས་བཅས་ཀྱི་ཐོག་གསུང་བཤད་གནང་རྗེས་དོགས་འདྲི་ཁག་ལ་བཀའ་ལན་གནང་ཡོད།
ཕྱི་ཚེས་ ༡༧ ས་ག་ཟླ་བའི་ཚེས་ ༡༥ ཉིན་བཀའ་བློན་མཆོག་རྣམ་གྲོལ་གླིང་དགོན་པའི་སྦྱིན་བསྲེག་གནང་སར་གདན་ཞུ་ལྟར་ཕེབས་བཞུགས་དང་། དེ་བཞིན་སེ་ར་བླ་སྤྱིའི་འདུ་ཁང་དུ་འཚོགས་བཞིན་པའི་སྨོན་ལམ་གྱི་ཚོགས་མགོན་དུ་ལྷན་ཞུགས་དང་འབྲེལ་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་ནས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད།
དེ་ཉིན་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ས་གནས་འགོ་འཛིན་གྱིས་གཙོས་ལས་བྱེད་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་ལས་བྱེད། སྨད་རྒྱུད་གྲྭ་ཚང་དང་རྫོང་ཆོས་དགོན་པའི་སྐུ་ཚབ། སྨན་ཁང་གི་འགན་འཛིན། ས་གནས་ཀྱི་སྤྱི་མི་དང་བརྒྱ་དཔོན་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
ཕྱི་ཚེས་ ༡༨ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་རྫོང་དཀར་ཆོས་སྡེ་སོ་སོར་གནས་གཟིགས་དང་ཆོས་སྡེ་སོ་སོའི་དགེ་འདུན་དམངས་ལ་གོང་བཞིན་གསུང་བཤད་གནང་རྗེས་དོགས་འདྲི་ཁག་ལ་བཀའ་ལན་ཡང་གནང་ཡོད།
ཕྱི་ཚེས་ ༡༩ སྔ་དྲོ་ཆུ་ཚོད་ ༩ ཐོག་གཞིས་ཆགས་ཀྱི་ཚོགས་ཁང་ནང་གཞིས་མི་མང་ཚོགས་ལ་གོང་བཞིན་བརྗོད་གཞི་ཁག་དང་། ལྷག་པར་བོད་མིའི་ལས་འགན་བོད་མི་རང་ཉིད་ནས་བསྒྲུབ་དགོས་པ་མ་ཟད། གཞོན་སྐྱེས་ཚོའི་ཤེས་ཡོན་ཐོག་གཞོན་སྐྱེས་རང་ཉིད་དང་ཕ་མ་བཅས་ནས་ཐུགས་སྣང་དགོས་སྐོར་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་བཀའ་ལན་ཡང་གནང་ཡོད།
དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༡ ཐོག་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་ཕེབས་ཐོན་གྱིས་ཕྱི་དྲོ་ཆུ་ཚོད་ ༤ ཐོག་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་སྟེ་ལས་རིམ་མུ་མཐུད་སྐྱོང་བཞིན་པ་བཅས། །