ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་མི་རྣམས་ལ་གསུང་བཤད་གནང་དོན། ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་སྦྲགས་ཕྲན་རང་འདིར་ཡོང་བའི་ཞོར་ལ་རྣམ་པ་ཚོ་འཁྱུག་ཙམ་མཇལ་ཐུབ་ན་ཡག་པོ་འདུག་བསམ་བྱུང་། འདིར་རིས་མེད་བགྲོ་གླེང་ཞིག་ཚོགས་བཞིན་ཡོད་པ་འདིར་བཅར་བའི་ཞོར་ལ་མི་མང་འཛོམས་རྒྱུ་ཁག་པོ་ཡོད་ཀྱི་རེད་བསམ་ནས་དང་པོ་ས་གནས་འཐུས་ཚོགས་ཧྲགས་བསྡུས་ཀྱིས་བཞུགས་མོལ་ཚོགས་འདུ་ཚོགས་ན་སྐབས་ ༡༥ བཀའ་ཤག་དང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལམ་སྟོན་གང་ཡོད་ཅེ་ན། བཀའ་བློན་རྣམ་པ་ལས་དོན་གང་ཞིག་གི་ཆེད་དུ་ས་གནས་གང་དུ་ཕེབས་པ་ཡིན་ནའང་དེའི་ཞོར་དུ་རབ་བྱུང་ན་ངེས་པར་དུ་མི་མང་དང་ཐུག་འཕྲད་དགོས་རྒྱུ་དང་། གལ་ཏེ་དེ་ལྟར་སྟབས་མ་འགྲིག་པ་ཡིན་ན་གཞིས་ཆགས་དེའི་ནང་འགན་ཁུར་མཁན་གྱི་འཐུས་མི་རྣམ་པ་དང་ཚོགས་མི་རྣམ་པར་ཐུག་རྒྱུ། དེ་ཡང་མ་བྱུང་བ་ཡིན་ན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་འགོ་ལས་རྣམ་པ་དང་ཐུག་འཕྲད་གནང་ཐུབ་ན་ཡག་པོ་ཡོད་རེད་ཅེས་ལམ་སྟོན་ཡོད་དང་ཡོད་མུས་ཡིན་པ་མ་ཟད། ད་བར་དེ་ལྟར་འགྲོ་དང་འགྲོ་མུས་ཡིན།
ད་རེས་འདིར་འབྱོར་བ་ཡིན་སྟབས་ངས་དམིགས་བསལ་ཞུ་རྒྱུ་རིགས་གང་ཡང་མེད། རྩ་བའི་གཞིས་ཆགས་ཀྱི་གནས་སྟངས་དང་གང་ས་ཅི་ཐད་ནས་གང་ཙམ་ཤེས་ཀྱི་ཡོད། ཕྱི་ལོ་ ༢༠༡༩ ལོའི་གསུམ་བཅུ་དུས་དྲན་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་མང་དག་ཅིག་བཙན་བྱོལ་དུ་ཕེབས་ནས་ལོ་ ༦༠ ཧྲིལ་པོ་འཁོར་ཡོད། བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ ༦༠ འཁོར་བཞིན་པའི་སྐབས་དབུས་ས་གཉིས་ནས་དུས་དྲན་གྱི་ལས་རིམ་འདྲ་མིན་སྲུང་བརྩི་ཞུས་ཡོད། འདི་ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་ཕེབས་ནས་ལོ་ ༦༠ ཧྲིལ་པོ་འཁོར་ཡོད་པར་བརྟེན་སེར་སྐྱ་ཕ་མོ་རྒན་གཞོན་དབྱེ་བ་མེད་པར་བསམ་བློ་གཏོང་དགོས་རྒྱུ་ནི། འདས་པའི་ལོ་ངོ་ ༦༠ རིང་ཇི་འདྲ་བྱུང་ཡོད་པ་དང་། ལོ་ངོ་ ༦༠ སྔོན་བོད་མི་རྣམས་བཙན་བྱོལ་དུ་ཕེབས་དགོས་དོན་གང་ཡིན་པ་འདི་ཉིད་དྲན་ན་ཡག་པོ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་བཙན་བྱོལ་དུ་ཡོང་དགོས་དོན་ནི། བོད་ནང་ནད་དང་མུ་གེ་བྱུང་ནས་ཡོང་བ་མིན་སྐོར་བཀའ་སློབ་ཡང་ཡང་ཕེབས་ཡོད། རྒྱལ་ཁབ་ཆེ་བས་ཆུང་བའི་ནང་བཙན་འཛུལ་བྱས་ནས་རིམ་བཞིན་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པར་བརྟེན་མགོ་སྟོད་ལ་ཐབས་མཁས་ཐུགས་རྗེ་ཧ་ཅང་མཛད་ཡོད། སོ་སོའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་དང་། དེ་དང་མཉམ་དུ་མང་གཙོ་བཅོས་བསྒྱུར་སླད་འབད་བརྩོན་ཧ་ཅང་མཛད་ཀྱང་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ནས་དེ་དག་ལམ་དུ་རྩ་བ་ཉིད་ནས་མ་ཕྱིན་པ་དང་། ལྷག་པར་གང་ཙམ་ནས་༸རྒྱལ་བའི་སྐུ་ཕྱྭ་ཡན་ཆད་ཉེན་ཁའི་སྟེང་སླེབས་ནས་མདོར་ན་བོད་ནང་མུ་མཐུད་བཞུགས་པ་ཡིན་ན་གང་ཡང་ཡོང་རྒྱུ་མེད་པ་དང་ལོ་ངོ་སྟོང་ཕྲག་རིང་ཉར་ཚགས་གནང་བའི་རིག་གཞུང་རྩ་ཆེན་པོ་དེ་དག་ཤུལ་མེད་འགྲོ་རྒྱུ་ཡིན་པའི་ཉེན་ཁ་ཆེན་པོ་ཞིག་གཟིགས་ནས་གཙོ་བོ་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་དང་། རིམ་བཞིན་ཕྱི་ནས་རང་དབང་སླར་གསོ་སླད་བཙན་བྱོལ་དུ་ཕེབས་པ་རེད། དེར་བརྟེན་འདས་པའི་ལོ་ངོ་ ༦༠ དེ་དག་དྲན་གསོ་ངེས་པར་དུ་དགོས་པ་དང་། གཞོན་སྐྱེས་རྣམས་ལ་དེ་ལྟར་རེད་ཅེས་གསུང་དགོས་རྒྱུ་ཞིག་ཆགས་ཡོད། འདས་པའི་ལོ་ངོ་ ༦༠ རིང་ང་ཚོ་ཧ་ཅང་ཡག་པོ་བྱུང་ཡོད་པ་འཛམ་གླིང་ནང་བོད་པར་རྒྱུས་མངའ་ཡོད་མཁན་མི་རིགས་ཚང་མས་བསྔགས་བརྗོད་གནང་བ་ཞིག་བྱུང་ཡོད།
དཔེར་ན། བོད་ཀྱི་རྩ་དོན་རྩོད་རྒྱུ་དང་། རྒྱལ་སྤྱིའི་ཐོག་བོད་དོན་ངོ་སྤྲོད་གནང་རྒྱུ། གཙོ་ཆེ་ཤོས་བོད་མི་རྣམས་ཁ་ཐོར་དུ་མ་ཕྱིན་པར་རུབ་རུབ་བྱས་ནས་གནས་ཏེ་བོད་མི་རིགས་ཀྱི་གོམས་གཤིས་དང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གནང་རྒྱུ། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་དེ་དག་བཙན་བྱོལ་དུ་རིམ་བཞིན་བསྐྱར་བཙུགས་གནང་ནས་སྔར་ལྟར་ཡག་པོ་ཆགས་པ་དང་། འགའ་ཤས་ནི་ཧ་ལམ་དེ་སྔ་བོད་ནང་ལས་ཀྱང་བཟང་བའི་གནས་སྟངས་དེ་འདྲ་བྱུང་བ་མང་པོ་ཡོད། གཞན་ཡང་དེ་སྔ་བོད་ནང་ལམ་དང་ལུགས་སྲོལ་གང་ཡང་མ་བྱུང་བ་དེང་དུས་ཀྱི་ཤེས་ཡོན་དང་སྐད་ཡིག་ཐོག་ཕོ་མོ་ཁྱད་མེད་ཚང་མས་སྦྱོང་རྒྱུ་སོགས་ཕྱོགས་ཡོངས་ལ་བསམ་བློ་གཏོང་ཡོང་དུས་གཙོ་བོ་དབུ་ཁྲིད་གཞན་དང་མི་འདྲ་བ་ཞིག་ཡོད་པ་དང་། དེ་དང་མཉམ་དུ་ཆོས་དང་འཇིག་རྟེན་གང་ས་ཅི་ཐད་ནས་ཕྱག་རོགས་ཞུ་མཁན་མང་པོ་ཞིག་གིས་བློས་བཏང་དང་སྐུ་ངལ་ཁྱད་གསོད་གནང་བར་བརྟེན་ང་ཚོ་འདི་ལྟར་བྱུང་བ་རེད། འདས་པའི་ལོ་ངོ་ ༦༠ ཚང་མ་ཕྱོགས་བསྡོམས་བརྒྱབ་པ་ཡིན་ན་སྤོབས་པ་བྱེད་འོས་པ་དང་དགའ་བ་སྒོམ་ཆོག་པ་ལྟ་བུ་ཞིག་ཕལ་ཆེར་ཆགས་ཡོད། ལྷག་པར་ང་ཚོའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་རིགས་འདྲ་འདྲ་ནང་ནས་མི་འདྲ་བ་ཚགས་ཚུད་པོ་དང་ཧ་ཅང་ཡག་པོ་བྱུང་ཡོད། མདོར་ན་འདས་པའི་ལོ་ངོ་ ༦༠ ནང་ང་ཚོ་དེ་སྔ་གང་ཉམས་ཆག་ཕྱིན་ཡོད་པ་ཚང་མ་སོར་ཆུད་ཐུབ་ཡོད་པ་མ་ཟད། དེའི་ཐོག་དེང་དུས་དང་མཐུན་པའི་ཡར་རྒྱས་ཕྱིན་ཡོད་སྟབས། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་བླ་ཆེན་རྣམ་པ་ཡིན་ནའང་ཐུགས་དགྱེས་ཚོར་ཡོང་རྒྱུའི་གནས་སྟངས་ཆགས་ཡོད། དེ་དག་ཡོངས་རྫོགས་དྲན་པའི་ཐོག་ནས་བཀའ་དྲིན་ཅན་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་རྒྱུ་དང་། དེ་བཞིན་ད་ལྟ་མུ་མཐུད་གནང་དང་གནང་བཞིན་པ་རྣམས་ལ་རྗེས་སུ་ཡི་རངས་དང་ཡག་པོ་རེད་ཅེས་བསྔགས་བརྗོད་ཞུ་རྒྱུ་རིགས་མིའི་འགྲོ་སྟངས་ཆ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་དང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ངོ་སྤྲོད་དང་། ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་དགུང་གྲངས་ ༡༡༠ བར་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་སྐོར། བོད་སྤྱི་མཐུན་གྱི་བསོད་ནམས་བསག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། །