ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ཀྱི་སྲོལ་རྒྱུན་ཚན་པ་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༡ ནས་ ༢༥ བར་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འོག་མ་དང་བར་མའི་སློབ་ཚན་གཞན་གྱི་དགེ་རྒན་ཁག་གཅིག་ལ་བོད་ཡིག་ཡར་རྒྱས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་པ་དེ་ཚེས་ ༢༥ དགོང་མོར་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་གཙོས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། སློབ་ཁྲིད་གནང་མཁན་དགེ་རྒན་བཅས་ཚོགས་ཕེབས་གནང་ཡོད། མཛད་སྒོའི་ཐོག་མར་ཤེས་ཡོན་ཚན་པའི་འགན་འཛིན་གྱིས་ཉིན་བཅོ་ལྔའི་ཟབ་སྦྱོང་གི་ལས་བསྡོམས་སྙན་སྒྲོན་དང་འབྲེལ་ཁོང་གིས། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་སློབ་ཚན་གཞན་གྱི་དགེ་རྒན་རྣམ་པའི་བོད་ཡིག་གནས་ཚད་ཡར་རྒྱས་གཏོང་རྒྱུ་ཡིན་པ་དང་། མཉམ་ཞུགས་གནང་མཁན་དགེ་རྒན་ ༡༢ རྣམས་དྭང་བླངས་ཀྱིས་ཕེབས་པ་ཤ་སྟག་ཡིན་པ།
མ་འོངས་པར་བོད་པའི་སློབ་གྲྭ་ཁག་གི་གཞི་རིམ་བར་མའི་སློབ་ཚན་གཞན་རྣམས་རིམ་བཞིན་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་དགོས་པར་སོང་། དགེ་རྒན་གྱི་བོད་ཡིག་གནས་ཚད་ཡག་པོ་མེད་ན་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྟེན། དགེ་རྒན་ངོས་ནས་བོད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་དགོས་པ་དང་། དགེ་རྒན་རང་ཉིད་ཀྱི་ཆེད་ལས་ཡར་རྒྱས་གཏོང་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཞིག་ཡིན་པ། དགེ་རྒན་ཞིག་ཡིན་པའི་ཆ་ནས་མུ་མཐུད་ནས་སློབ་སྦྱོང་བྱེད་དགོས་པ། དགེ་རྒན་རྣམས་སློབ་གྲྭར་ཕྱིར་ལོག་ནས་ད་ལན་གྱི་ཟབ་སྦྱོང་སྐབས་གང་སྦྱངས་པ་རྣམས་ལག་བསྟར་ཐུབ་པར་འབད་བརྩོན་བྱེད་དགོས་པ་བཅས་ཀྱི་ལམ་སྟོན་གནང་།
དེ་རྗེས་ཟབ་སྦྱོང་བ་དགེ་རྒན་བུ་དང་བུ་མོའི་སྐུ་ཚབ་རེ་རེ་ནས་ཟབ་སྦྱོང་གི་ཕན་རླབས་དང་། རང་ཉིད་སྒེར་ལ་ཡར་རྒྱས་གང་འདྲ་བྱུང་ཡོད་མེད། མ་འོངས་པར་ཟབ་སྦྱོང་འདི་རིགས་ཡར་རྒྱས་གཏོང་ཕྱོགས་ཐད་དགོངས་འཆར་དང་མྱོང་ཚོར་སོགས་གསུང་། དེ་ནས་སྐུ་མགྲོན་གཙོ་བོས་ཟབ་སྦྱོང་སྐབས་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་། མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ལ་ཕྱག་འཁྱེར་གནང་ཡོད།
དེ་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་ངོས་ནས་ཟབ་སྦྱོང་འགྲོ་བཞིན་པའི་སྐབས་ཀྱི་གཟིགས་ཚུལ་སྐོར་གསུང་དོན། ཟབ་སྦྱོང་འདི་བཞིན་ས་རཱ་མཐོ་སློབ་ཏུ་ད་བར་ཟབ་སྦྱོང་མང་པོ་ཚུགས་པ་ནང་ནས་ཚགས་ཚུད་ཤོས་བྱུང་སོང་སྙམ། ཟབ་སྦྱོང་བཅར་མཁན་དགེ་རྒན་རྣམས་རང་ཉིད་ཀྱི་བོད་ཡིག་ཤེས་ཚད་ཡར་རྒྱས་གཏོང་རྒྱུར་དམིགས་ཏེ་སྒེར་གྱི་གུང་གསེང་བློས་བཏང་སྟེ་དྭང་བླངས་ཀྱིས་ཕེབས་པ་ཤ་སྟག་ཡིན་པ་མ་ཟད། ཟབ་སྦྱོང་སྐབས་དགེ་རྒན་ཚང་མས་དུས་ཐོག་ཕེབས་པ་དང་། ཞོགས་པ་སྔ་པོ་ནས་དགོས་མོ་ཕྱི་པོ་བར་སློབ་སྦྱོང་བྱེད་པ་སོགས་མཐོང་ཚུལ་བྱུང་། ཞེས་དང་། གཞན་ཡང་ཁོང་གིས་བོད་ཡིག་ཡར་རྒྱས་གཏོང་འདོད་ཡོད་མཁན་མཐོ་སློབ་སློབ་ཕྲུག་དང་དགེ་རྒན་བཅས་སུ་ཡིན་རུང་གུང་གསེང་སྐབས་ས་རཱ་མཐོ་སློབ་ངོས་ནས་མཐུན་འགྱུར་ཞུ་དགོས་ཁག་ཞུ་རྒྱུའི་ཁས་ལེན་གནང་བ་དང་། མ་འོངས་པར་ཟབ་སྦྱོང་འདི་ལྟ་བུར་མུ་མཐུད་མཐུན་འགྱུར་གང་ཐུབ་དང་གང་དགོས་ཞུ་རྒྱུ་བཅས་གསུང་།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་དགེ་རྒན་རྣམས་ལ་མཇུག་བསྡོམས་གསུང་བཤད་གནང་དོན། ད་ལན་ཟབ་སྦྱོང་འདིར་ཕེབས་པའི་དགེ་རྒན་རྣམ་པ་དྭང་བླངས་ཕེབས་པ་ཤ་སྟག་རེད་འདུག ང་ཚོ་ཤེས་རིག་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་དེ་རེད། ཤེས་ཡོན་ཡར་རྒྱས་གཏོང་བར་ང་ཚོས་བུ་ཕྲུག་ཡར་རྒྱས་གཏོང་དགོས་པ་དང་། བུ་ཕྲུག་ཡར་རྒྱས་གཏོང་བར་འབྲེལ་ཆགས་ཕ་མ་དང་། དགེ་རྒན། སློབ་གྲྭའི་འཛིན་སྐྱོང་བཅས་ཚང་མར་རགས་ལས་ཡོད་པས། ཤེས་རིག་ལས་ཁུངས་ནས་དུས་ནས་དུས་སུ་ཟབ་སྦྱོང་ཁག་མི་འདྲ་བ་མང་པོ་གོ་སྒྲིག་ཞུ་རྒྱུ་དང་། སློབ་གྲྭ་ཁག་ལ་མཐུན་རྐྱེན་སྦྱོར་སྤྲོད་སོགས་གནང་གི་ཡོད། ཅེས་དང་།
གཞན་ཡང་ཁོང་གིས་བོད་ཀྱི་སྐད་ཡིག་དེ་གལ་ཆེན་པོ་ཡིན་པ་དང་། དེང་སྐབས་བོད་ཀྱི་སྐད་ཡིག་དེ་ཆགས་འཇིག་གི་དུས་ལ་སླེབས་ཡོད་པ། བོད་ཀྱི་སྐད་ཡིག་ཐོག་དོ་སྣང་སྤྲོད་དགོས་པ་དང་སློབ་སྦྱོང་བྱེད་དགོས་པ། འབྱུང་འགྱུར་སྐད་ཡིག་སོར་གནས་ཐུབ་རྒྱུ་གཙོ་བོ་དགེ་རྒན་ཚོར་རགས་ལས་ཡོད་པ། དགེ་རྒན་རྣམ་པའི་ཡིག་གཟུགས་དང་འབྲི་དེབ་སོགས་ལ་བལྟས་དུས། ཟབ་སྦྱོང་སྐབས་དོ་སྣང་ཡག་པོ་སྤྲད་དེ་སློབ་སྦྱོང་བྱེད་ཡོད་པ་ཤེས་ཐུབ་སོགས་དང་། དེ་བཞིན་ཁོང་གིས་སྲོལ་རྒྱུན་ཤེས་ཡོན་དང་དེང་རབས་ཤེས་ཡོན་གཉིས་ཀ་གལ་ཆེན་པོ་ཡིན་པ་དང་། སློབ་གྲྭའི་ནང་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་ཤེས་ཡོན་སྤྲོད་དགོས་པའི་གལ་གནད། དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་ཡག་པོ་ཙམ་མ་ཡིན་པར་དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་དགོས་རྒྱུ་དང་། སློབ་ཕྲུག་རྣམས་ལ་དམིགས་དཔེ་བཟང་པོ་བསྟན་རྒྱུ་བཅས་གལ་ཆེན་ཡིན་སྐོར་གསུང་།
དེ་ནས་སྲོལ་རྒྱུན་ཤེས་ཡོན་ཚན་པའི་སྡེ་འགན་བསྟན་འཛིན་དཔལ་སྐྱིད་ལགས་ཀྱིས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ། །