ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་སྤྱིའི་མྱོས་རྫས་ལང་ཤོར་དང་ཁྲིམས་འགལ་ཉོ་ཚོང་ལ་ཁ་གཏད་ཉིན་མོ་སྲུང་བརྩི་དང་འབྲེལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གསུང་འཕྲིན་སྙིང་བསྡུས།
དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༠༦ ཚེས་ ༢༦ ཉིན་རྒྱལ་སྤྱིིའི་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་མྱོས་རྫས་དཀའ་ངལ་ལ་གོ་རྟོགས་དང་ལྟ་ཕྱོགས་གཅིག་གི་ཐོག་ལས་འགུལ་སོགས་སྤེལ་ཐབས་ཆེད་དེ་ཉིན་རྒྱལ་སྤྱིའི་མྱོས་རྫས་ལང་ཤོར་དང་ཁྲིམས་འགལ་ཉོ་ཚོང་ལ་ཁ་གཏད་ཀྱི་ཉིན་མོ་ཞེས་སྲུང་བརྩི་ཞུས་བཞིན་ཡོད།
སྤྱིར་འཛམ་གླིང་ནང་མྱོས་རྫས་ལང་ཤོར་གྱི་དཀའ་ངལ་ཅི་ཆེ་འཕྲད་བཞིན་པ་ལྟར། ང་ཚོའི་སྤྱི་ཚོགས་ལ་ཡང་དེའི་ཤུགས་རྐྱེན་གྱིས་མྱོས་རྫས་ལང་ཤོར་གྱི་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་པར་སོང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཉིན་མོ་འདི་གལ་ཆེར་ངོས་འཛིན་གྱི་གཞིས་སྒར་དང་སློབ་གྲྭ་ཁག་ནང་དེ་རིང་གི་ཉིན་མོ་འདི་སྲུང་བརྩི་ཞུ་བཞིན་ཡོད།
ང་ཚོ་བོད་མི་རིགས་ནི་ཆེས་གྲངས་ཉུང་མི་རིགས་ཤིག་ཡིན་པ་དང་། ཆབ་སྲིད་ཀྱི་གནས་སྟངས་ཆ་ནས་སྐྱབས་བཅོལ་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར། ན་གཞོན་དང་སློབ་ཕྲུག་རེ་རེའི་འཕྲོད་བསྟེན་དང་བདེ་ཐང་ནི་རྒྱལ་ཁབ་ཀྱི་རྩ་དོན་དང་མི་རིགས་ཀྱི་སོར་གནས་ལ་རག་ལུས་ཡོད་སྟབས་སྒྲིག་འཛུགས་ཁག་དང་ཕ་མ། གཉེན་ཉེ་ཚང་མའི་ན་གཞོན་ཞིག་ཡིན་ཡང་མྱོས་རྫས་ལང་ཤོར་དུ་མ་སོང་བར་ཐུགས་འགན་ཆེ་བཞེས་དགོས་རྒྱུ་དང་། རྒན་པ་ཚོའི་ན་གཞོན་རྣམས་ལ་མིག་དཔེ་བཟང་པོ་སྟོན་ཐུབ་པ་དགོས་རྒྱུའི་དུས་ལ་བབས་ཡོད།
མྱོས་རྫས་ལང་ཤོར་གྱི་དཀའ་ངལ་འདི་ནི་སྤྱི་ཚོགས་དང་། སྤྱི་སྒེར་གཉིས་ཀྱི་དཀའ་ངལ་ཞིག་ཡིན་སྟབས་ཕ་མ་དང་སྤུན་མཆེད། དགེ་རྒན་དང་། རྒན་རབས་ཚང་མས་འགན་འཁུར་ཆ་ཤས་བླངས་ཏེ་བྱིས་པར་ཆུང་དུས་ནས་མྱོས་རྫས་ལང་ཤོར་འདིའི་རིགས་ལས་སྐྱོབ་ཐབས་སུ་ལམ་སྟོན་གནང་རྒྱུ་དང་། དེ་བཞིན་གྲོགས་ངན་ལས་བྲལ་ཐབས་དགོས་པའི་སྐོར་དུས་ནས་དུས་སུ་ལམ་སྟོན་བསླབ་བྱ་གནང་རྒྱུ་གལ་ཆེ། ཕ་མ་དང་སྤུན་མཆེད་རྣམས་ཕྲུ་གུ་ཆུང་དུས་སྐབས་མིག་ལྟ་བྱེད་ས་གཙོ་བོ་ཡིན་སྟབས། དེ་ལྟར་ཐུགས་སྣང་གི་ཕྲུ་གུའི་མདུན་ལ་མྱོས་རྫས་ཐ་མག་དང་ཆང་རག་སོགས་བེད་སྤྱོད་བྱ་རྒྱུ་མེད། གལ་ཏེ་གཞིས་ཆགས་ནང་མྱོས་རྫས་དེ་དག་བེད་སྤྱོད་བྱ་མཁན་ཡོད་ཚེ་དེའི་ཐོག་བཟང་ངན་དང་གནོད་སྐྱོན་སྐོར་ངེས་པར་ལམ་སྟོན་གནང་ཐབས་དགོས།
འདི་ནས་ལོ་ལྟར་མྱོས་རྫས་ལང་ཤོར་ཅན་དྲག་ཐབས་སུ་མྱོས་རྫས་བཅོས་ཐབས་ཁང་ཁག་ཏུ་སྨན་བཅོས་མཐུན་འགྱུར་རོགས་རམ་ཞུ་མུས་སུ་ཡོད་པ་དང་། རྩིས་ལོ་ ༢༠༡༨༌༌༡༩ ནང་འདི་ནས་ན་གཞོན་ལང་ཤོར་ཅན་ཁྱོན་བསྡོམས་མི་གྲངས་ ༢༨ ཐམ་པར་བཅོས་ཐབས་ཁང་དུ་སྨན་བཅོས་ཆེད་བཏང་ཡོད་པ་དང་། ན་གཞོན་དེ་དག་མུ་མཐུད་ཡར་རྒྱས་ཡོང་ཐབས་སུ་འདི་ནས་སྨན་བཅོས་ཟིན་པས་ན་གཞོན་རྣམས་ལ་མདུན་ལམ་སླར་གསོ་དང་འབྲེལ་སྦྱོང་བརྡར་ཁག་དང་། ལག་ཤེས་སོགས་སྦྱང་རྒྱུའི་གོ་སྐབས་ཡང་སྐྲུན་བཞིན་ཡོད།
མྱོས་རྫས་ལང་ཤོར་གྱི་དཀའ་ངལ་འཕྲད་བཞིན་པའི་ན་གཞོན་རིགས་ལ་དགོས་གལ་རོགས་རམ་དང་། སློབ་གསོ། ལམ་སྟོན་སོགས་ས་གནས་སོ་སོའི་མཁན་བླ་དགེ་བཤེས་དང་། ས་གནས་འགོ་འཛིན། སྤྱི་མི་དང་བརྒྱ་དཔོན། ས་གནས་གཞོན་ནུ་དང་བུད་མེད། དགེ་རྒན་ཕ་མའི་ཚོགས་ཆུང་། གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་སོགས་ནས་མི་རིགས་ཀྱི་ལར་ཞེན་འདོར་མེད་ཐོག་གནས་བབ་དང་བསྟུན་ཏེ་ལྟ་རྟོག་བྱམས་སྐྱོང་གནང་དགོས་པ་ལས་ན་གཞོན་དེ་དག་ལས་གཡོལ་ཐབས་དང་། དབྱེ་འབྱེད། གཞིས་ཆགས་ནས་ཕྱིར་ཕུད་བྱ་རྒྱུ་སོགས་བྱེད་ཚེ་ནད་པར་སེམས་ངལ་ཆེ་རུ་བཏང་བ་དང་སྤྱི་ཚོགས་ལ་ཁ་གཏད་ཀྱིས་གནོད་ཚབས། མི་དགེ་བའི་ལས་སོགས་བྱེད་མཁན་གྱི་གང་ཟག་ཞིག་ལ་འགྱུར་རྒྱུའི་ཉེན་ཁ་ཡོད་སྟབས་དེའི་ཐོག་ངེས་པར་ཐུགས་གཟབ་དགོས།
དེང་སང་ཆང་རག་དང་སྨན་ཁབ་རིགས། དེ་བཞིན་རྫས་འདྲ་མིན་བེད་སྤྱོད་དང་། དེས་རྐྱེན་ན་གཞོན་སོ་སོ་དང་། ནང་མི། སྤྱི་ཚོགས། མཐའ་ན་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་ཡང་གནོད་ཚེ་ཆེན་པོ་བྱུང་གི་ཡོད། མྱོས་རྫས་རིགས་རྒྱུན་རིང་བེད་སྤྱོད་བྱས་ན་རང་གི་ཁ་དང་མགྲིན་པ། གློ་བ། མཆིན་པ། འཁེལ་མ། དེ་བཞིན་རྩ་དང་དབང་པོ་ཉམས་པ་དང་། འབྲས་ནད་སོགས་ན་རྒྱུའི་ཉེན་ཁ་ཆེ་བ་ཡོད་པ་མ་ཟད། མྱོས་རྫས་རྒྱུན་རིང་བེད་སྤྱོད་གཏོང་མཁན་ཚོར་དངུལ་གྱི་དཀའ་ངལ་འཕྲད་པ་དང་། བེད་སྤྱོད་རྒྱུན་རིང་བྱེད་ཚེ་ནད་འདྲ་མིན་སོགས་ཕོག་སྟེ་སྨན་བཅོས་ཆེད་དུའང་འགྲོ་གྲོན་ཕོན་ཆེན་གཏོང་དགོས་པའི་གནས་སྟངས་ཡོང་གི་ཡོད།
དེང་སང་སྔར་དང་མི་འདྲ་བའི་བུད་མེད་ནང་དུའང་མྱོས་རྫས་ཐ་མག་དང་ཆང་རག དེ་བཞིན་ཁབ་སོགས་བེད་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མྱོས་རྫས་ཁབ་རིགས་བེད་སྤྱོད་བྱེད་མཁན་མང་པོ་ཡོད་པ་དང་། མྱོས་རྫས་དེའི་རིགས་ལོངས་སུ་སྤྱོད་ཆེད་དངུལ་སོགས་འཁོ་སྒྲུབ་སླད་བྱ་ངན་སོགས་བྱས་ཏེ་རང་ཉིད་སོ་སོ་འཕྲོ་བརླག་ཏུ་བཏང་བ་མ་ཟད། གཞན་ལ་མིག་དཔེ་ངན་པ་བསྟོན་པ་དང་། རང་གི་མདུན་ལམ་དང་འཕྲོད་བསྟེན། དེ་བཞིན་མི་རིགས་ཀྱི་ལ་བརྒྱ་སོགས་ཁྱོན་ཡོངས་ལ་གནོད་ཚབས་ཡོང་གི་ཡོད་སྟབས། དེའི་ཐོག་གཞིས་མི་ཡོངས་ནས་རང་གི་བུ་དང་བུ་མོ་རྣམས་ལས་ཀ་གང་བྱེད་ཀྱི་ཡོད་མེད་དང་། གནས་སྟངས་ཇི་འདྲ་ཞིག་ནང་སྡོད་ཀྱི་ཡོད་མེད་སྐོར་ངེས་པར་རྟོགས་ཞིབ་དང་ཤེས་ཐབས་བྱེད་དགོས།
ཕ་མ་དང་དགེ་རྒན། དེ་བཞིན་རྒན་རབས་ཚང་མས་མྱོས་རྫས་ཇི་རིགས་བེད་སྤྱོད་བྱེད་ཀྱི་ཡོད་མེད་དང་། དེའི་གནོད་སྐྱོན་ཇི་ལྟར་ཡིན་མིན་སྐོར་ཤེས་ཐབས་དགོས་རྒྱུ་ཧ་ཅང་གི་གལ་ཆེ། མྱོས་རྫས་རིགས་ཐོག་མར་བེད་སྤྱོད་ཀྱི་བརྒྱུད་རིམ་སྐབས་ལང་ཤོར་དུ་འགྱུར་གྱི་མེད་སྟབས། དུས་ཡུན་དེའི་སྐབས་ཕ་མ་དང་སྤུན་མཆེད་རྣམས་ནས་དོ་བདག་ལ་དགོས་གལ་ལམ་སྟོན་སོགས་བྱེད་ཚེ་དེ་ནས་བྲལ་ཐབས་ཡོད། བེད་སྤྱོད་བྱེད་ཚེ་གཟུགས་དང་དཔྱོད་པ། རྣམ་འགྱུར་ལ་འགྱུར་བ་ཇི་ལྟར་འགྲོའི་ཡོད་མེད་སྐོར་ཤེས་རྟོགས་ཡང་དགོས་གལ།
གལ་ཏེ་ཁྱེད་རང་མྱོས་རྫས་རིགས་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་། དེ་ནས་བྲལ་འདོད་ཡོད་ཚེ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་རང་གི་ས་གནས་འགོ་འཛིན་ལས་ཁང་དང་། ས་གནས་འཕྲོད་བསྟེན་སྨན་ཁང་བརྒྱུད་བཅོས་ཐབས་ཁང་དུ་འགྲོ་ཐབས་གནང་དགོས། འདི་ནས་ཉམ་ཐག་དང་ན་གཞོན་མགོན་མེད་བདག་མེད་རྣམས་ལ་སྨན་བཅོས་ཐད་རོགས་རམ་བརྒྱ་ཆ་ ༡༠༠ དང་། དེ་མིན་གྱི་ནད་པ་རྣམས་ལ་སྨན་བཅོས་སླད་རོགས་རམ་ཉུང་ཐར་བརྒྱ་ཆ་ ༥༠ ཞུ་བཞིན་ཡོད།
རང་ངོས་ནས་མྱོས་རྫས་དེའི་རིགས་ནས་བྲལ་ཐབས་སླད་རྩེད་མོ་རིགས་རྩེད་པ་དང་ལུས་སྦྱོང་སོགས་ངེས་པར་དུ་རྩེ་ཐབས་དགོས། མྱོས་རྫས་ལང་ཤོར་གྱི་དཀའ་ངལ་རྐྱེན་པས་ན་གཞོན་མང་དག་ཅིག་རང་གི་ཚེ་སྲོག་ཤོར་བ་དང་། ནད་ན་ཚ་འདྲ་མིན་ཕོག་པ། ནང་མི་དང་བཟའ་ཚང་ཁ་བྲལ་དགོས་པ། དཔལ་འབྱོར་གནས་སྟངས་ཞན་དུ་འགྲོ་བ། མི་ཚེ་མདུན་ལམ་བརླག་པ། དོན་མེད་བརྡབ་སྐྱོན་གྱི་གནས་ཚུལ། ཁྲིམས་འགལ་གྱི་དཀའ་ངལ་སོགས་ཡོད་སྟབས་དེ་ནས་གྲོལ་ཐབས་ཀྱི་དམ་བཅའ་དང་། ལུས་སེམས་བདེ་ཐང་ངང་གནས་ཐབས་ཡོང་བ་ལྷན་རྒྱས་ཡོང་ནས་ཐུགས་འགན་བཞེས་གནང་ཡོང་བ་ཞུ་རྒྱུ་བཅས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༠༦ ཚེས་ ༢༥ ལ།།
རྒྱལ་སྤྱིའི་མྱོས་རྫས་ལང་ཤོར་དང་ཁྲིམས་འགལ་ཉོ་ཚོང་ལ་ཁ་གཏད་ཀྱི་ཉིན་མོར་འཕྲོད་བསྟེན་ལས་ཁུངས་ཀྱི་གསུང་འཕྲིན།
གསར་གནས།
འབྲེལ་གནས།