ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ རེས་གཟའ་པ་སངས།
༄༅། །བཀའ་ཤག་གི་བཀོད་ཁྱབ་ལྟར་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་དྲིལ་བསྒྲགས་དྲུང་ཆེའི་ལས་འཁུར་ཞུས་པའི་རྟེན་འབྱུང་གི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་དྲུང་འཕར་འཆི་མེད་ཚེ་དབྱངས་ལགས་ཀྱིས་གཙོ་སྐྱོང་འོག་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་རྗེས་རྟེན་འབྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་ཕྱི་འབྲེལ་དྲུང་ཆེས་གཙོས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བྱེད་ཡོངས་ནས་རིམ་བཞིན་དྲུང་ཆེ་གསར་པར་མཇལ་དར་སྒྲོན་གྲུབ་མཚམས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཐོག་མར་འཚམས་འདྲི་དང་སྦྲགས་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་སྲི་ཞུའི་ལས་བྱེད་ཡོངས་ནས་རང་འཁྲིའི་ལས་དོན་ཐོག་སྔར་ལྷག་ཤུགས་རྒྱག་དགོས་པའི་དུས་ལ་བབ་ཡོད་སྐོར་དང་། མ་འོངས་ལས་དོན་བྱེད་ཕྱོགས། དེ་བཞིན་བོད་ཀྱི་སྐད་ཡིག་གི་རིན་ཐང་སོགས་ཀྱི་སྐོར་གསུང་བཤད་སྙིང་བསྡུས་ཤིག་གནང་།
དེ་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གསར་རྙིང་གཉིས་ལ་ཕྱི་དྲིལ་ལས་ཁུངས་ཀྱི་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་མཇལ་དར་གཡོགས་ཏེ་མཛད་སྒོ་གྲོལ།
དེ་ཡང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནི། ཕྱི་ལོ་ ༡༩༦༥ ཟླ་ ༦ ཚེས་ ༡༠ ཉིན་སྐྱེས་ཤིང་། མ་སུ་རི་གཏན་སློབ་ཐོན་རྗེས་རྒྱ་གར་པན་ཇབ་མཐོ་སློབ་ནས་ཉེ་བའི་རབ་འབྱམས་པ་བསླབ་པ་མཐར་སོན་རྗེས་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཨ་ན་མ་ལ་ཡི་མཐོ་སློབ་ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་སོན། དེ་ནས་ལྡི་ལི་མཐོ་སློབ་ནས་ཉི་ཧོང་རིག་པའི་གཙུག་ལག་རབ་འབྱམས་དང་། Chiyoda College of Business,Tokyo ནས་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་ཐོག་ཌིབ་ལོ་མ་གནང་།
ཕྱི་ལོ་ ༡༩༨༨ ཕྱི་ཟླ་ ༤ ནང་དཔལ་འབྱོར་ལས་ཁུངས་ནང་ཐོག་མར་ཕྱག་ལས་གནང་བ་ནས་བཟུང་ལས་འགན་འདྲ་མིན་ནང་ཕྱག་ལས་གནང་བའི་ཁོངས་ནས་གཙོ་ཆེ་ཡིད་ཆེས་དགེ་རྩའི་ཚོང་ལས་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་དང་ལྡི་ལི་དཔལ་འབྱོར་པར་སྐྲུན་ཁང་གི་འགན་འཛིན་སོགས་གནང་། ཕྱི་ལོ་ ༢༠༠༥ ལོར་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༥ ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་ཀྱིས་བོད་ཀྱི་གསར་འགྱུར་ཚན་པའི་འགན་འཛིན་གནང་མུས་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་དྲིལ་བསྒྲགས་དྲུང་ཆེར་བསྐོ་གཞག་གནང་ཡོད་པ་བཅས། །