༢༠༡༩ ཟླ་ ༥ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཊེ་རི་བྷ་རན་སི་ཊཌ་Terry Branstad མཆོག་གཟའ་འཁོར་འདིའི་ནང་བོད་ནང་གཞུང་འབྲེལ་འཚམས་གཟིགས་ཕེབས་གཏན་འཁེལ་ཡོད་པ་ཨ་རིའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་གསུང་འདུག
དེ་ཡང་མགྲིན་ཚབ་པས་དྲ་རྒྱའི་ལམ་ནས་བརྗོད་དོན། “འཚམས་གཟིགས་སྐབས་གཞུང་ཚབ་པ་མཆོག་གིས་ས་གནས་དཔོན་རིགས་ཚོ་དང་འབྲེལ་བ་གནང་ཐུབ་རྒྱུ་དང་། བོད་མིའི་ཆོས་དད་དང་སྐད་ཡིག རིག་གཞུང་སྲུང་སྐྱོབ་ཀྱི་གནད་དོན་ཐོག ཨ་རིའི་གཞུང་གིས་ཡུན་རིང་ནས་སེམས་འཚབ་གནང་བཞིན་པ་དེ་དག་གསལ་འདོན་ཐུབ་རྒྱུ་རེད། ” ཅེས་གསུང་འདུག
སྤྱིར་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ནང་ཨ་རིའི་གཞུང་གིས། བོད་ནང་ཨ་རིའི་མི་སེར་སུ་ཡིན་རུང་འགྲོ་འོང་ཆོག་པའི་འདྲ་མཉམ་གྱི་ཐོབ་སྤྲོད་དགོས་པ་དང་། གལ་ཏེ་རྒྱ་ནག་གཞུང་ཚབ་ཁང་གིས་འབྲེལ་ཡོད་ལས་བྱེད་པ་སོགས་སུ་རུང་གིས་ཨ་རིའི་མི་སེར་སུ་རུང་ཞིག་ལ། བོད་ནང་འགྲོ་འོང་གི་ཐོབ་ཐང་མ་སྤྲད་པར་དམ་བསྒྲགས་བྱས་ཚེ། བྱེད་གཏེ་ཁོ་པར་ཨ་རིའི་གཞུང་ནས་དེ་མཚུངས་ཨ་རིའི་ནང་འགྲོ་འོང་ལ་བཀག་སྡོམ་གནང་རྒྱུའི་གྲོས་ཆོད་གཏན་འབེབས་གནང་ཡོད། ཁྲིམས་དེར་རྒྱ་ནག་གཞུང་གིས་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་ཚུལ་དང་། ཡུལ་གཉིས་ཀྱི་འབྲེལ་བར་དོ་ཕོག་ཤུགས་ཆེ་ཡོང་རྒྱུ་ཡིན་པ་སྐྱོན་བརྗོད་དང་སྦྲགས། ཉེན་བརྡའང་བཏང་ཡོད།
ཐེངས་འདིར་གཞུང་ཚབ་པ་མཆོག་བོད་ཀྱི་མཚོ་སྔོན་ཞིང་ཆེན་དང་། བོད་ཀྱི་ས་གནས་གཞན་ཁག་གཅིག་ཏུ་ཕྱི་ཟླ་ ༥ ཚེས་ ༡༩ ནས་ ༢༥ བར་གཞུང་འབྲེལ་འཚམས་གཟིགས་གནང་གཏན་འཁེལ་འདུག འཚམས་གཟིགས་སྐབས་བོད་ཀྱི་དགོན་སྡེ་ཁག་དང་། ཆོས་རིག་དང་འབྲེལ་བའི་གནའ་བོའི་རིག་གནས་ཤུལ་བཞག་ཁག་གཅིག་ནང་ཕེབས་རྒྱུ་དང་། ས་གནས་དཔོན་རིགས་ཚོ་དང་ཐུག་འཕྲད་གནང་རྒྱུ་ཡིན་པ་མགྲིན་ཚབ་པས་བཀོད།
ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་ནང་འགྲོ་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་ཁྲིམས་དེ་འདི་ལོའི་ལོ་མཇུག་ཙམ་ནས་ལག་བསྟར་གནང་དགོས་པ་ཆགས་ཡོད། །