༢༠༡༩ ཟླ་ ༥ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཨོ་སི་ཊི་ལི་ཡའི་ Australia སྲིད་བློན་སྐུ་ཞབས་སི་ཀོཌ་མོ་རི་སན་ Scott Morrison མཆོག་གི་ཆབ་སྲིད་ཚོགས་པ་དང་། ཆབ་སྲིད་ཚོགས་པ་གཞན་ཟུང་འབྲེལ་ཐོག་ནས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་བྱས་པ་དེར་རྒྱལ་ཁ་ཐོབ་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་བློན་མཆོག་བརྒྱུད་འཚམས་འདྲི་མཛད་པའི་ནང་འཁོད་དོན།
“ད་ལྟའི་ཆར་མཐའ་མའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུར་ཆུ་ཚོད་འགའ་ཤས་ལས་མེད། འོན་ཀྱང་འོས་གྲངས་བརྒྱ་ཆ་ ༧༠ ལྷག་སྲིད་བློན་སྐུ་ཞབས་མོ་རི་སོན་མཆོག་གི་ཆབ་སྲིད་ཚོགས་པ་སྟེ། གུ་ཡངས་མཉམ་འདུས་ཚོགས་པར་ཐོབ་ཡོད་པར་བརྟེན། ཞབས་སྟེགས་གྲངས་ ༧༤ ཐོབ་འདུག ཕྱོགས་འགལ་ཚོགས་པ་སྟེ་ངལ་རྩོལ་ཆབ་སྲིད་ཚོགས་པར་ཞབས་སྟེགས་གྲངས་ ༦༦ ལས་ཐོབ་མེད། དེར་བརྟེན་སྲིད་བློན་མོ་རི་སོན་མཆོག་གིས་མུ་མཐུད་སྲིད་བློན་གནང་རྒྱུ་ཡིན་པ་དང་། སྤྱིར་སྲིད་བློན་མཆོག་གིས་སྲིད་དབང་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༨ ནས་དབུ་འཛུགས་གནང་བ་ཞིག་རེད། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་དང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་དགའ་བསུ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཨོ་གླིང་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་ཉེ་ལམ་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་རྒྱལ་ཁ་ཞིག་ཐོབ་པ་རེད།
ངས་གོ་སྐབས་འདི་བརྒྱུད་ཨོ་གླིང་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་སྟོང་ཕྲག་གཅིག་ལྷག་ཙམ་གྱིས་གཙོས་ཁྱོན་ད་བར་བོད་མི་གྲངས་ ༢༣༠༠ གནས་སྤོས་བྱས་བཅུག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨོ་གླིང་གཞུང་གིས་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་གསལ་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་སྲིད་གཞུང་གསར་པས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་དེ་སྔ་ཡུན་རིང་ནས་རྒྱབ་སྐྱོར་གནང་བ་ལྟར་འབྱུང་འགྱུར་ཡང་ཞལ་ཞེ་གཉིས་ཀྱིས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད། “ཅེས་འཁོད་འདུག །