ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ལོ་ལྟར་སྲི་ཞུ་བ་ཕོ་མོ་ནང་ཁུལ་སིལ་སྤོལ་རྩེད་འགྲན་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༥ ཉིན་འདི་ལོའི་སིལ་སྤོལ་རྩེད་འགྲན་དབུ་འཛུགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༡ རེས་གཟའ་ལྷག་པའི་ཉིན་རྩེད་འགྲན་མཐའ་མ་ལེགས་གྲུབ་བྱུང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་གཟིགས་མོར་ཕེབས་པའི་སེར་སྐྱ་མང་ཚོགས་བཅས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་འདུ་འཛོམས་བྱུང་ཡོད།
སྐབས་དེར་ཐོག་མར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་དོན། ཕྱི་ལོ་ ༢༠༡༧ ནས་ལས་བྱེད་ནང་ཁུལ་སིལ་སྤོལ་འགྲན་སྡུར་འགོ་འཛུགས་ཀྱིས་ད་ཆ་ལོ་གསུམ་འགྲོ་བཞིན་ཡོད། རྩེད་འགྲན་འདི་ལྟ་བུ་གོ་སྒྲིག་ཞུ་དགོས་དོན་ནི། སྲི་ཞུའི་ལས་བྱེད་ནང་ཁུལ་ངོ་ཤེས་ཡོང་སླད་ཡིན། མ་འོངས་པར་གངས་སྐྱིད་གཡས་གཡོན་དུ་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་དང་། དབུས་སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་བཅས་ཀྱི་ལས་བྱེད་རྣམས་རྩེད་འགྲན་ནང་མཉམ་ཞུགས་བྱས་པ་བརྒྱུད་ནང་ཁུལ་འབྲེལ་བ་དམ་ཟབ་ཡོང་ཐུབ་པའི་རེ་བ་ཡོད།
དེ་རིང་རྩེད་འགྲན་འདིའི་ཐོག་སྐྱེས་པའི་རུ་ཁག་ ༩ དང་སྐུ་སྐྱེས་མའི་རུ་ཁག་ ༤ ཡོད་པའི་ཁོངས་ནས་མཐའ་མའི་འགྲན་སྡུར་དེ་ཕྱི་དྲིལ་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་ཀྱི་བུ་དང་བུ་མོ་ནང་ཁུལ་འཁེལ་ཡོད། སྤྱིར་རྩེད་འགྲན་རྒྱལ་ཕམ་དེ་གཙོ་བོ་མ་རེད། གཙོ་བོ་ནི་ཕན་ཚུན་ངོ་ཤེས་པ་ཆགས་རྒྱུ་དང་། དེས་བརྒྱུད་ནས་ལས་བྱེད་ནང་ཁུལ་འབྲེལ་བ་དམ་ཟབ་དང་གཅིག་ཕན་གཅིག་གྲོགས་ཡོང་ཐུབ་པ་བྱ་རྒྱུ་རེད། མཐའ་མ་དེར་ངས་ཐེངས་འདིར་རྩེད་འགྲན་པ་ཡོངས་ལ་སླར་ཡང་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་སྟེ་ཐོག་མར་དཔལ་འབྱོར་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱི་སྐུ་སྐྱེས་མའི་རུ་ཁག་དབར་རྩེད་འགྲན་གནང་སྟེ་དཔལ་འབྱོར་རུ་ཁག་ལ་ཨང་ ༡༩ དང་ཕྱི་དྲིལ་རུ་ཁག་ལ་ཨང་ ༢༣ ཐོབ་སྟེ་ཕྱི་དྲིལ་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་གི་རྩེད་འགྲན་འདི་ནི་དམིགས་བསལ་སྲི་ཞུའི་ལས་བྱེད་རྣམས་ཀྱི་འཕྲོད་བསྟེན་དང་། གཙོ་བོ་སྲི་ཞུའི་ལས་བྱེད་ཕན་ཚུན་དབར་མཐུན་ལམ་དང་འབྲེལ་བ་བཟང་དུ་གཏོང་ཆེད་རེད། ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གངས་སྐྱིད་ཁོར་ཡུག་རྭ་བའི་ནང་སིལ་སྤོལ་འགྲན་སྡུར་ཐེངས་གཉིས་གནང་བཞིན་ཡོད། ཐེངས་འདིར་གོ་སྒྲིག་ཚོགས་ཆུང་ནས་གོ་སྒྲིག་ཧ་ཅང་ཡག་པོ་གནང་འདུག ལས་བྱེད་ནང་ཁུལ་དབྱེ་བ་མེད་པར་གོ་སྐབས་འདྲ་མཉམ་ཐོག་མཉམ་ཞུགས་གནང་ཐུབ་པ་བྱུང་འདུག
དམིགས་བསལ་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་ཡོད་གོ་སྒྲིག་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། དེ་རིང་རྩེད་འགྲན་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་མང་པོ་ཕེབས་འདུག
གཙོ་བོ་ཕན་ཚུན་མཐུན་འབྲེལ་བ་ཇེ་བཟང་གཏོང་རྒྱུ་ལས་རྒྱལ་ཕམ་གཙོ་བོ་མ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐྱེས་པའི་རྩེད་འགྲན་དབུ་འཛུགས་གནང་སྟེ་དཔལ་འབྱོར་ལས་ཁུངས་རུ་ཁག་ལ་ཨང་ ༢༦ དང་། ཕྱི་དྲིལ་ལས་ཁུངས་རུ་ཁག་ལ་ཨང་ ༣༨ ཐོབ་སྟེ་ཕྱི་དྲིལ་ལས་ཁུངས་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་བཅས། །