ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །བལ་ཡུལ་རྒྱལ་ཡོངས་གསར་འགྱུར་ལྷན་ཚོགས་ Rastriya Samachar Samiti ཞེས་པའི་ཨིན་ཇིའི་སྡེ་ཚན་གྱི་གསར་འགོད་པ་མོ་ཧ་ནི་རི་སལ་ Mohani Risal ལགས་དང་། སོམ་ནཱཏ་ལ་མིཅ་ཧ་ནི་ Somnath Lamichhanne ལགས། དེ་བཞིན་ཇི་ཝན་བྷན་ཌར་ Jivan Bhandar ལགས་བཅས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་ལ་གནས་ཚུལ་སྤེལ་བར་བརྟེན། བལ་ཡུལ་གཞུང་གིས་བཀོད་ཁྱབ་བཏང་སྟེ་གསར་འགོད་པ་གསུམ་གྱིས་གནས་ཚུལ་དེ་ལྟར་སྤེལ་བའི་རྒྱུ་མཚན་དང་ཕུགས་ཀྱི་དམིགས་ཡུལ་གང་ཡིན་སོགས་ཀྱི་ཐད་འདྲི་རྩད་བྱས་འདུག
དེ་ཡང་ཕྱི་ལོ་་༢༠༡༩ ཟླ་ ༥ ཚེས་ ༡༢ ཉིན་བལ་ཡུལ་གྱི་ Kathmandu Post ཞེས་པའི་གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་བལ་ཡུལ་རྒྱལ་ཡོངས་གསར་འགྱུར་ལྷན་ཚོགས་ཀྱི་གསར་འགོད་པ་གསུམ་གྱིས། ཉིན་དེར་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གི་སྐུའི་སྙུང་གཞི་དྲག་སྐྱེད་བྱུང་སྟེ་བཞུགས་སྒར་རྡ་སར་ཞབས་སོར་བདེ་བར་བཀོད་གནང་ཡོད་པའི་གསར་འགྱུར་ཨིན་ཡིག་ཐོག་བསྒྱུར་ཏེ་སྤེལ་ཡོད་པར་བརྟེན། བལ་ཡུལ་གཞུང་གི་དྲིལ་བསྒྲགས་བློན་ཆེན་ Gokul Baskota གྱིས་བཀའ་རྒྱ་བཏང་བ་ལྟར། ཉིན་དེའི་ཕྱི་དྲོར་གསར་འགྱུར་དེ་དྲ་ཐོག་ནས་བསུབས་ཡོད་པ་མ་ཟད། གསར་ཁང་གི་མགོ་ཁྲིད་བཞི་ཡིས་གསར་འགོད་པ་གསུམ་དེར་ཆབ་སྲིད་ཀྱི་ཀུན་སློང་ཡོད་ལུགས་བརྗོད་དེ་འདྲི་ཞིབ་བྱས་ཡོད་འདུག
བལ་ཡུལ་གཞུང་གི་དྲིལ་བསྒྲགས་བློན་ཆེན་གྷོ་ཀུལ་བྷ་སི་གོ་ཊ་ཡིས་བོད་ཀྱི་གནད་དོན་ནི། རྒྱ་ནག་ལ་ཆེས་ཚོར་བ་སྐྱེན་པའི་གནད་དོན་ཞིག་ཡིན་པ་དང་། དམིགས་བསལ་སྲིད་འཛིན་བྷི་ཌི་ཡ་དེ་ཝི་བྷན་ཌ་རི་ Bidya Devi Bhandari ལགས་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་བྱེད་བཞིན་པའི་སྐབས་འདིར་བལ་ཡུལ་གྱི་གཞུང་འབྲེལ་གསར་ཁང་ཞིག་གིས། ༧ཏཱ་ལའི་བླ་མའི་སྐོར་གྱི་གནས་ཚུལ་བསྒྲགས་པ་དེ་ནི་བལ་གཞུང་གི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་འགལ་རྐྱེན་བཟོས་པ་ཞིག་ཆགས་ཡོད་པས། ངས་གསར་འགོད་པ་དེ་གསུམ་ལ་འདྲི་གཅོད་བྱེད་དགོས་པའི་བཀའ་བཏང་བ་ཡིན། ཞེས་བརྗོད་འདུག
གསར་འགོད་པ་གསུམ་གྱིས་ང་ཚོས་༧གོང་ས་མཆོག་གི་སྐོར་ལ་གསར་འགྱུར་སྤེལ་བ་ནི་བཟང་སྤྱོད་མ་གཏོགས་ཆབ་སྲིད་ཀྱི་ཀུན་སློང་གང་ཡང་མེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་གོ་ལའི་གསར་འགྱུར་གལ་ཆེན་ཞིག་ཆགས་ཡོད་པ་དང་། དམིགས་བསལ་ཁོང་གི་འཕྲོད་བསྟེན་སྐོར་གྱི་གནས་ཚུལ་ནི་འཛམ་གླིང་གི་མི་མང་པོས་གལ་ཆེན་དུ་རྩི་བཞིན་ཡོད་པ་མ་ཟད། བལ་ཡུལ་ནང་མི་མང་པོས་གལ་གནད་དུ་རྩི་ཡི་ཡོད་སྟབས། ང་ཚོས་གསར་འགྱུར་དེ་བལ་པོའི་སྐད་ཡིག་ནང་བསྒྱུར་ནས་སྤེལ་བ་ཡིན། ཞེས་བརྗོད་འདུག་པ་མ་ཟད། གསར་ཁང་དེའི་སྤྱི་ཁྱབ་འགན་འཛིན་ལ་ཐུག་འཕྲད་བྱས་སྐབས། ལས་ཀའི་འགན་དབང་སྲུང་སྐྱོབ་དང་གསར་འགོད་རང་དབང་མེད་པའི་སེམས་ཚོར་བསྟན་ཡོད་སྐོར་བརྗོད་འདུག །