༢༠༡༩ ཟླ་ ༥ ཚེས་ ༡༢ རེས་གཟའ་ཉི་མ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་ South Africa སྲིད་འཛིན་སྐུ་ཞབས་སི་རེལ་ར་མ་པོ་ས་ Cyril Ramaphosa མཆོག་གི་ཆབ་སྲིད་ཚོགས་པར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་དོན།
“ཉེ་ལམ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པར་ངོས་ཀྱིས་འཚམས་འདྲ་ཞུ་རྒྱུ་ཡིན། ལྷོ་ཨ་ཕི་རི་ཀའི་ཡུལ་ལ་མཚོན་ན་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་ཐུབ་པའི་ནུས་པ་ཧ་ཅང་ཡོད། ལྷོ་ཨ་ཕི་རི་ཀའི་མི་མང་གིས་དྲང་བདེན་དང་འཁོན་སེམས་སྤངས་པའི་ལྟ་གྲུབ་ལ་གཞི་བཅོལ་ནས་རྒྱལ་ཁབ་ནང་དུ་ཞི་བདེ་དང་མང་གཙོ། འདྲ་མཉམ་ཡོང་ཐབས་ཆེད་འབད་བརྩོན་རྒྱ་ཆེ་གནང་ཡོད།
སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་རྒྱལ་ཁབ་མུ་མཐུད་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་ཐུབ་རྒྱུ་མ་ཟད། ལྷག་པར་མི་མང་ཉམ་ཐག་རྣམས་ཀྱི་འཚོ་བར་ཡར་རྒྱས་གཏང་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
མི་མང་གི་བསམ་བློའི་ནང་རེ་བ་དང་སྙིང་སྟོབས་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པ་མ་ཟད། དེས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་མང་ཚོ་ལའང་སེམས་འགུལ་གཏོང་ཐུབ། སྐུ་ཉིད་མཆོག་གིས་འབྱུང་འགྱུར་དཀའ་ངལ་རྣམས་ལ་གདོང་ལེན་ཐུབ་ཅིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བ་དང་། ལྷོ་ཨ་ཕི་རི་ཀའི་མི་མང་གི་མངོན་འདོད་རྣམས་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་བཅས།” ཞེས་འཁོད་འདུག
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་འདི་གའི་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་གནང་རོགས་ཞུ།