༢༠༡༩ ཟླ་ ༥ ཚེས་ ༡༢ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༢ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་སེམས་སྡོམ་པ་འབོག་ཆོག་མཛད་པ་དང་སྦྲགས། རུ་སོག་དད་ལྡན་རྣམས་ཀྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་ཐེངས་འདིར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྒྱུད་བླ་མའི་བཀའ་ཆོས་རེ་ཞིག་ལེགས་པར་མཇུག་སྒྲིལ་མཛད་འདུག
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དབུ་མ་རྩ་བ་ཤེས་རབ་ཀྱི་མཇུག་ཏུ་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་བསྟོད་ཕྱག་མཛད་པའི་ཚིགས་བཅད། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་གསུང་འདོན་དང་སྦྲགས་བཀའ་སློབ་སྩལ་དོན། དེ་རིང་མཇུག་ཏུ་དགེ་བ་སེམས་བསྐྱེད་གདོན་རྒྱུ་ཡིན། སེམས་བསྐྱེད་ཞེས་པ་ང་རང་ཚོའི་རྣམ་པར་ཤེས་པའི་རྒྱུན་འདིའི་སྟེང་ནས་སྐྱོན་གྱི་རིགས་མཐའ་དག་ཟད། རྟོགས་པའི་རིགས་མཐའ་དག་མཐར་ཕྱིན་པ་བླ་མེད་བྱང་ཆུབ་ཅེས་པ་ང་ཚོར་རྣམ་པར་ཤེས་པ་ཡོད་པ་འདིའི་བསྒྲུབ་བྱ་མཐར་ཐུག་ཆགས་ཡོད། སེམས་གསལ་རིག་གི་ནུས་པ་ཆ་ཚང་རྫོགས་པ་ཞིག དེ་ལ་བླ་མེད་བྱང་ཆུབ་བརྗོད། བསྒྲུབ་བྱ་མཐར་ཐུག་རེད། བསྒྲུབ་བྱ་མཐར་ཐུག་དེའི་སྒྲུབ་བྱེད་མཐར་ཐུག་དེ་དག་པའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས། ཞེས་པ་འདི་ཆགས་ཡོད། འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད། ཕྱེད་དུ་བྱ་བ་གཞན་དོན་དུ་དམིགས་ནས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅང་རྫོགས་བྱང་གི་ས་ལ་འགོད་འདོད་ཀྱི་བསམ་པས་རང་གིས་རྣམ་མཁྱེན་དོན་དུ་གཉེར་རྒྱུའི་འདུན་པ་གཉིས་ལྡན་གྱི་བློ་དེ་རྣམ་མཁྱེན་བསྒྲུབ་རྒྱུའི་ཐབས་ཡག་ཤོས་དེ་ཆགས་ཡོད།
དཔལ་ལྡན་ཟླ་བ་གྲགས་པས། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།། མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཞེས་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱས་ནས་བྱང་ཆུབ་ཀྱི་སེམས་ཡོང་སྟངས་དེ་གསུང་གི་ཡོད། དེ་བཞིན། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།། བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། ཞེས་དབུ་མ་འཇུག་པའི་གསུང་དེ་ནུས་པ་ཆེན་པོ་མི་འདུག་གམ།
དབུ་མ་འཇུག་པ་རང་གི་མཆོད་བརྗོད་དུའང་། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུང་པ་དེ་དག་ཧ་ཅང་གནད་འགག་ཆེན་པོ་རེད་འདུག དེར་བརྟེན་མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། ཞེས་པ་འདི་བྱམས་མགོན་གྱི་བྱམས་སྨོན་ནང་དུ། ངན་འགྲོའི་ལམ་ནི་ཟློག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །
ང་ཚོ་བདེ་སྐྱིད་འདོད་མཁན་ཚོའི་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས། ཐམས་ཅད་མཁྱེན་པའི་སྒོ་འཕང་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲུབ་བཞིན་ཡོད། དེ་ལྟ་བུའི་ཕན་ཡོན་ཅན་བཅོམ་ལྡན་འདས་བྱུང་ནས་དུས་ད་བར་བསྟན་པ་འདིའི་དབང་དུ་བྱས་ནའང་གང་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་མཁན་རྣམ་དཔྱོད་ཅན་ཚང་མས་ལམ་འདི་ལ་བསླབས་ནས་ཕེབས་པ་རེད། དེར་བརྟེན་ང་རང་ཚོའི་སངས་རྒྱས་སྐྱབས་སྟོན་པ་པོ། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་བསྒྲུབ་པའི་ཟླ་གྲོགས། ཞེས་པ་ལྟར་ཀླུ་སྒྲུབ་ཡབ་སྲས་ནས་བྱས་ནས་ཐོགས་མེད་སྐུ་མཆེད་ལ་སོགས་པ། ལྟ་གྲུབ་ཀྱི་ཆ་ནས་སྐབས་རེ་དབུ་མ་པ་འགའ་ཤས་ཀྱིས་དཔེར་ན། སློབ་དཔོན་ལེགས་ལྡན་གྱི་དབུ་མ་སྙིང་པོའི་ནང་སེམས་ཙམ་པའི་ལྟ་གྲུབ་གསུང་པའི་མགོ་དེར། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་གིས་ཟིན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལས་ལོགས་སུ་སེམས་ཙམ་པའི་ལྟ་གྲུབ་འཆད་པ་འདི་ངོ་ཚ་ཁྲེལ་མེད་རེད། ཅེས་གསུང་ཡོད། (བཞད་མོ་བཞད་) དེ་ལྟ་བུའི་རྣམ་དཔྱོད་ཅན་གྱི་བློ་གྲོས་གོང་ནས་གོང་དུ་འཕེལ་བའི་དོན་དུ་དོགས་སློང་དང་དགག་གཞག་སྤོང་གསུམ་མང་པོ་ཡོང་གི་ཡོད། དེས་ཕན་ཐོགས་ཧ་ཅང་ཡོང་བཞིན་འདུག
ཀླུ་སྒྲུབ་ཀྱི་གཞུང་ཁོ་ན་མ་གཏོགས་མེད་པ་བྱས་ནས་བལྟས་པ་ཡིན་ན་དོགས་སློང་དེ་དག་མེད། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་ཧ་ཅང་གཏིང་ཟབ་པོ་ཡོད། ཐ་སྙད་པའི་རྣམ་གཞག་གསུང་ཡོད། ཧ་ཅང་ཟབ་པོ་ཡོད། འོན་ཀྱང་དོགས་སློང་དམིགས་བསལ་རྒྱ་ཆེ་བ་མེད། དེ་ལ་སློབ་དཔོན་ལེགས་ལྡན་གྱིས་དགོགས་སློང་གནང་བའི་རྒྱུ་རྐྱེན་ལ་བརྟེན་ནས་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་གཙོ་བོ་ཚིགས་གསལ་ནང་དུ་ཐ་སྙད་དུ་རང་མཚན་ཡོད་མེད་སྐོར་ལ་ཧ་ཅང་ཞིབ་ཚགས་པོ་གསུང་ཡོད། མཁས་པའི་དབང་པོ་དེ་དག་གིས་ཞེ་ས་མ་ཞུས་ན་དབུ་མཁྲེགས་པོ་བྱས་ནས་བཞུགས་པ་དེ་ཧ་ཅང་གཟི་བརྗིད་རེད་འདུག ང་ཚོ་རྗེས་འཇུག་གི་གདུལ་བྱ་ཚོས་གཞུང་དེ་དག་ལ་ལྟ་ཀློག་བྱས་ནས་བསམ་བློ་བཏང་བ་ཡིན་ན་ཐེངས་རེ་ཀློག་སྐབས་བློ་སྐྱེད་གསར་པ་རེ་ཡོང་ཡག་འདུག དེ་དག་ཧ་ཅང་གནད་ཆེན་པོ་རེད་འདུག དེ་འདྲ་བསམ་བློ་གཏོང་སྐབས་སྔོན་གྱི་ལོ་ཙྭ་བ་ཚོས་མཁན་ཆེན་ཞི་བ་འཚོའི་བཀའ་སློབ་གཞིར་བཟུང་བཀའ་འགྱུར་བསྟན་འགྱུར་བོད་སྐད་ནང་སྒྱུར་ཞེས་པ་ལྟར་བཀའ་འགྱུར་བསྟན་འགྱུར་བོད་སྐད་ནང་པོ་ཏི་གསུམ་བརྒྱ་ལྷག་ཡོད་པ་དེ་དག་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་སློབ་དེབ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བྱང་སེམས་སྡོམ་པ་འབོག་ཆོག་མཛད་ནས་རེ་ཞིག་ཆོས་འབྲེལ་ལེགས་པར་མཇུག་སྒྲིལ་མཛད་ནས་སྐུ་པར་ལྷན་སྒྲོན་མཛད་ནས་༸རྒྱལ་བའི་གཟིམ་ཆུང་དུ་ཆིབས་ཞལ་བསྒྱུར། །