ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ ཉིན་ལ་ཏི་ཝི་ཡའི་ Latvia རྒྱལ་ས་རི་གར་ Riga རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་དབུ་འབྱེད་མཛད་སྒོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་སྩལ་དོན། བཀུར་འོས་ང་ཚོའི་མཆེད་གྲོགས་རྣམ་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམ་པ། ངོས་ཀྱིས་དུས་རྟག་ཏུ་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཚོ་ནི། བོད་མིར་རྒྱབ་སྐྱོར་བྱེད་མཁན་ཙམ་མིན་པར་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཞིག་རེད། ཅེས་བཤད་ཀྱི་ཡོད།
རྒྱུ་མཚན་གང་ཡིན་བརྗོད་ན། བོད་མིའི་འཐབ་རྩོད་ནི་མཐའ་གཅིག་ཏུ་དྲང་བདེན་དང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་རེད། ད་ཆ་བོད་ཀྱི་དངོས་ཡོད་གནས་སྟངས་གཏིང་ཟབ་པོ་ཤེས་མཁན་དང་དོ་སྣང་བྱེད་མཁན་རྒྱ་མི་རིགས་ཀྱིས་གཙོས་མི་མང་ཇེ་མང་དུ་འགྲོ་བཞིན་འདུག དེ་རིང་གི་འདུ་འཛོམས་འདི་ལྟ་བུ་ཧ་ཅང་ཕན་རླབས་ཆེན་པོ་འདུག
ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་ངོས་ཀྱིས་བོད་མིའི་ཆབ་སྲིད་ལས་འགན་ནས་བགྲེས་ཡོལ་ཕྱིན་པ་ཡིན། ང་ཚོའི་ཆབ་སྲིད་ཀྱི་འགན་དེ་ད་ཆ་འོས་བསྡུ་བྱས་པའི་དབུ་ཁྲིད་ཀྱིས་འཁྱེར་བཞིན་པ་རེད། ད་ཆ་ངོས་ཀྱིས་བོད་དོན་ལས་འགུལ་ཐོག་འགན་འཁྱེར་བཞིན་པ་དང་པོ་ནི།བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་རེད། དུས་རྒྱུན་བོད་མཐོ་སྒང་ལ་ཡོངས་གྲགས་འཛམ་གླིང་གི་ཡང་ཐོག ཅེས་འབོད་སྲོལ་ཡོད། དེ་བདེན་པ་རེད། རྒྱ་ནག་ནས་པ་ཀི་སི་ཐན་བར་གྱི་ཨེ་ཤི་ཡའི་གཙང་པོ་ཆེ་ཁག་ཡོངས་རྫོགས་བོད་མཐོ་སྒང་ནས་ཡོང་གི་ཡོད། ཁོར་ཡུག་ཐོག་མཁས་པ་ངོས་ཀྱི་གྲོགས་པོ་རྒྱ་རིགས་ཞིག་ཡོད། ཁོང་གིས་བོད་མཐོ་སྒང་ལ་གོ་ལའི་སྣེ་མོ་གསུམ་པ། ཞེས་འབོད་པ་རེད། གང་ཡིན་བརྗོད་ན། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་གོ་ལའི་སྣེ་གཉིས་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་པ་ལྟར། དེ་མཚུངས་བོད་མཐོ་སྒང་གི་ཁོར་ཡུག་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་བརྗོད་བྱུང་།
ཁོང་གིས་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་མོ་གསུམ་པ་ཞེས་བརྗོད་པ་རེད། དེར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་ལ་དམིགས་བསལ་གཅེས་སྤྲས་བྱེད་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་མཐོང་གི་འདུག ངོས་ཀྱི་གྲོགས་པོ་རྒྱ་གར་བ་ཁོར་ཡུག་ཉམས་ཞིབ་པ་དེ་འདྲ་རེད། ཁོང་ཚོས་བརྗོད་པ་ལྟར་ན། བོད་ས་མཐོ་ཞིང་རླུང་སྐམ་པོ་རེད། དེར་བརྟེན་ཁོར་ཡུག་ཚར་གཅིག་ཉམས་ཆག་ཕྱིན་པ་ཡིན་ན། བསྐྱར་གསོ་བྱ་རྒྱུར་དུས་ཡུན་ཧ་ཅང་རིང་པོ་འགོར་རྒྱུ་ཡིན་པ་བཤད་བྱུང་། བོད་མཐོ་སྒང་གི་ཁོར་ཡུག་དེ་ཧ་ཅང་འཇིགས་སླ་བ་ཞིག་རེད་འདུག དེ་འདྲ་ཡིན་སྟབས་ང་ཚོས་དེར་དམིགས་བསལ་དོ་སྣང་དང་གཅེས་སྤྲས་བྱེད་དགོས་འདུག
གཉིས་པ་དེར་བོད་ཀྱི་རིག་གཞུང་རེད། ད་ཆ་རྒྱ་གར་གནའ་རབས་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ལྷག་པར་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་སྐོར་དེ་དག་འགྲེལ་བཤད་རྒྱག་དགོས་བྱུང་ན། བོད་སྐད་ཀྱི་སྐད་ཡིག་དེ་ཡག་ཤོས་ཆགས་ཡོད་པ་ངོས་ལ་ངེས་པ་རྙེད་བྱུང་། རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་ལ་སློབ་སྦྱོང་མཐིལ་ཕྱིན་པ་ཞིག་བྱེད་དགོས་ན། བོད་སྐད་ཡག་ཤོས་རེད། གང་ཡིན་བརྗོད་ན་དུས་རབས་བརྒྱད་པའི་སྐབས་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་པ་དང་། སྐབས་དེར་རྒྱ་གར་དཔལ་ནཱ་ལེནྜའི་གཙུག་ལག་ཁང་ལ་མཚོན་ན་རྒྱ་གར་ནང་གི་མཁས་པ་རྩེ་ཕུད་གྲས་བཞུགས་གནས་ཤིག་ཡིན་པ་རེད།
དེ་ཁྲོད་མཁས་པའི་དབང་པོ་ཕུལ་དུ་བྱུང་བ་མཁན་ཆེན་ཞི་བ་འཚོ་ལྟ་བུ་བོད་དུ་གདན་དྲངས། མཁན་ཆེན་ཞི་བ་འཚོས་བོད་ལ་ནང་ཆོས་ཐོག་མར་ངོ་སྤྲོད་གནང་ཡོད། དུས་རབས་བདུན་པ་ཙམ་ནས་བོད་རང་ལ་ཡི་གེ་ཡོད་སྟབས་མཁན་ཆེན་ཞི་བ་འཚོས་བོད་མི་ཚོས་ལེགས་སྦྱར་ཐོག་ནས་ནང་ཆོས་འཆད་ཉན་སོགས་བྱེད་མི་དགོས་པར། བོད་སྐད་རང་གི་ཐོག་ནས་འཆད་ཉན་བྱེད་དགོས་པའི་དགོངས་བཞེས་ལྟར། ལེགས་སྦྱར་དང་པཱ་ལིའི་སྐད་ཡིག་ནང་ཡོད་པའི་ནང་པའི་གཞུང་ཆེན་དེ་དག་བོད་སྐད་ནང་ཕབ་སྒྱུར་བྱེད་དུ་བཅུག དེའི་ཐོག་ནས་སློབ་གཉེར་བྱེད་བཅུག་ཡོད། དེ་ལ་བརྟེན་ནས་ནང་པའི་གཞུང་པོ་ཏི་གསུམ་བརྒྱ་ལྷག་ཙམ་བོད་སྒྱུར་གནང་ཡོད། དེ་དག་གཙོ་བོ་ལེགས་སྦྱར་དང་། དེ་ནས་པཱ་ལི་ནས་བོད་སྒྱུར་གནང་བ་ཤ་སྟག་རེད།
གཞུང་དེ་དག་བོད་སྒྱུར་བྱེད་འགོ་བཙམས་པ་ནས་བཟུང་ཚིག་གསར་པ་མང་པོ་ཞིག་བཟོ་གནང་བ་བརྒྱུད་བོད་རང་ཉིད་ཕྱུག་ཏུ་ཕྱིན་ཡོད། དེར་བརྟེན་དེང་སྐབས་ནང་པའི་གཞུང་ལ་སློབ་གཉེར་གནང་དགོས་ན་ལེགས་སྦྱར་གཞུང་ནས་གསུང་པ་ལྟར་འགྲེལ་བཤད་ཐག་ཉེ་ཤོས་རྒྱག་ཐུབ་མཁན་བོད་སྐད་ཆགས་ཡོད། ང་ཚོས་ལྟ་གྲུབ་དང་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་སྐོར་སོགས་ལ་བགྲོ་གླེང་བྱེད་སྐབས་བོད་སྐད་དེ་ཡག་ཤོས་མཐོང་བྱུང་། དེར་བརྟེན་རྒྱ་གར་གནའ་རབས་ཀྱི་རིག་གཞུང་དེ་དག་ལ་སློབ་སྦྱོང་བྱེད་ཆེད་བོད་སྐད་དང་བོད་ཡིག་གཅེས་སྲུང་བྱེད་འོས་པ་ཞིག་མཐོང་གི་འདུག
དཔལ་ནཱ་ལེནྜ་ནས་བརྒྱུད་པའི་ལེགས་བཤད་དེ་དག་ཆོས་ཀྱི་སྐད་ཆ་ཙམ་མ་རེད། ངོས་ཀྱིས་ཤེས་ཡོན་གྱི་སྡེ་ཚན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་ཚད་མ་རིག་པ་དང་། སེམས་ཁམས་རིག་པའི་རྣམ་གཞག་ལྟ་བུ་ཤེས་ཡོན་རང་རེད། ནང་པའི་ཡུལ་གྲུ་སྤྱི་དང་ལྷག་པར་རྒྱ་ནག་དང་ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ་ལྟ་བུ་གཙོ་བོ་ལེགས་སྦྱར་གཞུང་ལ་ཁུངས་གཏུགས་ནས་ནང་ཆོས་ཉམས་ལེན་གནང་མཁན་སྲོལ་རྒྱུན་གྱི་ཡུལ་གྲུ་དེ་དག་ནང་དུ་ནང་པའི་གཞུང་ཆེན་ལ་སློབ་གཉེར་གནང་དགོས་ཚེ་བོད་སྐད་དང་བོད་ཡིག་ཡག་ཤོས་ཆགས་ཡོད།
ད་ཆ་དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མཚོན་ནའང་དེ་སྔ་སྲོལ་རྒྱུན་ནས་ནང་ཆོས་དར་ཁྱབ་མེད་པའི་ལུང་པ་དཔེར་ན། ཨ་རི་དང་ཡུ་རོབ་གཙོ་བོར་གྱུར་བའི་གླིང་ཆེན་ཁག་གི་ནང་དུའང་ལེགས་བཤད་དེ་དག་ལ་གཞི་ནས་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་སྐོར་གྱི་ལེགས་བཤད་ཧ་ཅང་གནས་ཚད་མཐོ་པོ་དེ་དག་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་བྱེད་དགོས་ན། བོད་ཀྱི་སྐད་ཡིག་དེ་མཆོག་ཏུ་གྱུར་པ་ཞིག་ཡིན་པ་ར་འཕྲོད་གསལ་པོ་བྱུང་། སྲོལ་རྒྱུན་ནས་ནང་པའི་ཡུལ་གྲུ་མིན་པ་དང་དེ་བཞིན་ཚན་རིག་པ་རྣམས་ཀྱིས་ཀྱང་ད་ཆ་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་། ལྟ་གྲུབ་སྐོར་དེ་དག་ཤེས་ཡོན་རང་དུ་བརྩིས་ནས་དོ་སྣང་ཧ་ཅང་བྱེད་བཞིན་འདུག དེར་བརྟེན་བོད་ཀྱི་སྐད་ཡིག་གཅེས་འཛིན་བྱེད་དགོས་པ་ངོས་ཀྱིས་ཧ་ཅང་གལ་ཆེན་པོ་ཞིག་མཐོང་བྱུང་།
མ་འོངས་པའི་གནས་སྟངས་ཐོག་བསམ་བློ་བཏང་ཀྱང་ལེགས་བཤད་དེ་དག་འགྲོ་བ་མི་རིགས་སྤྱིའི་བདེ་སྡུག་དང་འབྲེལ་བ་ཡོད། དེར་བརྟེན་གོ་ལ་སྤྱིའི་ཐོག་ནས་བརྗོད་ཀྱང་བོད་ཀྱི་སྐད་ཡིག་དེ་ཕན་ཐོགས་ཡོད་པ་ཞིག་དང་གལ་ཆེན་པོ་ཞིག་ཆགས་ཡོད། ངོས་རང་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་བགྲེས་ཡོལ་ཕྱིན་པའི་རྗེས་ལ་གནད་དོན་དེ་དག་ངོས་ཀྱི་འགན་གཙོ་བོ་ཆགས་ཡོད། དེར་བརྟེན་ཆོས་གྲོགས་རྣམ་པ་ཚོས་ཐེངས་འདིར་ཚོགས་འདུའི་ཐོག་བོད་ཀྱི་ཁོར་ཡུག་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་ཇི་ལྟར་དགོས་པའི་ཐོག་དགོངས་བཞེས་གནང་རོགས། ཁྱེད་ཚོ་ནི་ང་ཚོའི་རེ་བ་དང་ཆོད་སེམས་རྒྱུན་སྐྱོང་བྱེད་ཐུབ་པའི་གཞི་རྩའི་ནུས་ཤུགས་ཡིན།
ཕྱི་ལོ་ ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་སྐབས། བོད་ཀྱི་གཏམ་དཔེར། གནམ་གྱིས་ས་བརྡུང་པ། ཟེར་བའི་དཔེ་ལྟར་རེ་བ་རྒྱག་ས་གང་ཡང་མེད་པའི་གནས་སྟངས་ལྟ་བུ་ཞིག་ཆགས་སོང་། འོན་ཀྱང་ང་ཚོར་བཟང་སྤྱོད་ལ་གཞི་བཅོལ་བའི་ལྟ་གྲུབ་ཞིག་དང་། བོད་ཀྱི་གནད་དོན་དེ་བདེན་པར་གཞི་བཅོལ་བ་ཞིག་ཡིན་སྟབས་ལོ་ངོ་བཅུ་ཕྲག་རིམ་སོང་གིས་བོད་མིར་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་སོང་བ་རེད། ད་ཆ་རྒྱ་རིགས་ནང་ཆོས་དོན་གཉེར་བ་དང་བློ་གཟུ་བོར་གནས་མཁན་རྒྱ་རིགས་ཚོས་བོད་དོན་ཐོག་དོན་དམ་གྱི་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་འདུག
འདས་པའི་མི་ལོ་བདུན་ཅུའི་རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་དག་དངོས་ཐོག་བདེན་འཚོལ་ཞིག་མིན་པ་ནི་ལོ་ངོ་བདུན་ཅུ་སོང་རྗེས་སུའང་བོད་ཀྱི་གནད་དོན་མུ་མཐུད་ལྷག་ཡོད་པ་དེ་ལས་ཤེས་རྟོགས་ཐུབ་པ་བྱུང་ཡོད། ཁོ་པ་ཚོའི་ཕྱོགས་ནས་བོད་ཀྱི་གནད་དོན་གསལ་ཆེད་དངོས་ཡོད་གནས་ཚུལ་དང་མཐུན་པའི་ལངས་ཕྱོགས་ཤིག་འཛིན་དགོས་པ་འདུག་སྙམ་པའི་ཚོར་བ་ཞིག་འདུག ང་ཚོའི་ངོས་ནས་ཀྱང་བོད་རང་བཙན་རྩོད་ཀྱི་མེད། ཕྱི་ལོ་ ༡༩༧༤ ལོ་ཙམ་ནས་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བསྡད་རྒྱུ་བྱས་པ་ཡིན། དེར་དཀའ་ངལ་གང་ཡང་མི་འདུག རྒྱ་ནག་གཞུང་གིས་སོག་པོ་དང་ཡུ་གུར་བ་ཚོར་རང་སྐྱོང་གནས་བབ་ཀྱི་ཐོབ་ཐང་སྤྲད་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུའང་ཆ་རྐྱེན་དེ་དག་བཀོད་ཡོད། ཆ་རྐྱེན་དེ་དག་ལག་བསྟར་བྱེད་དགོས། གནད་དོན་དེ་དག་ཐོག་ཁྱེད་ཚོས་དགོངས་བཞེས་གནང་རོགས། ཐུགས་རྗེ་ཆེ། ཞེས་གསུང་འཕྲིན་སྩལ་འདུག
གསུང་འཕྲིན་ངོ་མ་ཨིན་སྐད་ནས་ཕྱི་དྲིལ་བོད་ཡིག་ཚན་པས་བོད་སྒྱུར་ཞུས་པས་ཨིན་སྐད་ལ་རྩ་འཛིན་ཡོང་བ་ཞུ།