༢༠༡༩ ཟླ་ ༥ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ན་ཝིན་པཌ་ནེཀ་ Naveen Patnaik མཆོག་གིས་ཡུལ་དེར་དྲག་ཆར་རླུང་ཚུབ་མ་བྱུང་གོང་ནས་འབྲེལ་ཡོད་མི་མང་རྣམས་ས་བཙན་སར་གནས་སྤོ་བྱེད་བཅུག་པ་དང་། ཉེན་གཡོལ་ཆེད་ལམ་སྟོན་གྱི་ལས་གཞི་སོགས་ཚ་ཚ་འུར་འུར་གནང་བ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་མཛད་པ་དང་སྦྲགས། ཛ་དྲག་ངལ་སེལ་ལས་གཞིར་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཧིན་སྒོར་ས་ཡ་གཅིག་མཐུན་འགྱུར་མཛད་འདུག
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་དུ། ཐེངས་འདིར་ཨོ་ཌི་ཤའི་ནང་ཕ་ནི་ཞེས་པའི་དྲག་ཆར་རླུང་ཚུབ་བྱུང་ཡོད་ཀྱང་ཛ་དྲག་ངལ་སེལ་ལས་གཞི་སྔོན་ཚུད་ནས་གྲ་སྒྲིག་གང་ལེགས་གནང་བར་བརྟེན་མི་རྒྱུ་ཟོག་སོགས་དུས་ཐོག་ཉེན་གཡོལ་ཐུབ་ཡོད་པར་བརྟེན་ཚབས་ཆེའི་གནོད་འཚེ་ལས་གཡོལ་ཐུབ་འདུག ཅེས་དང་།
![His Holiness the Dalai Lama with the Chief Minister of Odisha Naveen Patnaik's residence during his visit to Bhubaneswar, Odisha, India on November 20, 2017. Photo by Tenzin Choejor His Holiness the Dalai Lama with the Chief Minister of Odisha Naveen Patnaik's residence during his visit to Bhubaneswar, Odisha, India on November 20, 2017. Photo by Tenzin Choejor](https://www.dalailama.com/assets/news-articles/2017-11-20-Bhubaneswar-N01.jpg)
༢༠༡༧ ཟླ་ ༡༡ ཚེས་ ༢༠ ཉིན། ས་གནས་ཨོ་ཌི་ཤའི་རྒྱལ་ས་བྷུབ་ནེཤྭར།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཛ་དྲག་ངལ་སེལ་ལས་གཞིར་རྒྱབ་སྐྱོར་དང་སྦྲགས་ཐུགས་གསོ་མཛད་དོན། “དེ་དང་ཆབས་ཅིག་ཚེ་སྲོག་ཤོར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་། སྡོད་ཁང་གཏོར་བཤིག་གི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པའི་ཡུལ་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཡོད། ” ཅེས་འཁོད་འདུག