ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༥ རེས་གཟའ་ཉི་མ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོནབ་སྟེ། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༥ ཉིན་བཞུགས་སྒར་རྡ་ས་དུས་འཁོར་ལྷ་ཁང་དུ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ་སྲུང་བརྩིའི་ལས་རིམ་དུ་གོ་སྒྲིག་ཞུས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོ་སྐུ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་དང་བཀའ་སློབ་སྩལ་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་སོགས་ཀྱིས་སྤོས་སྣེས་སྔུན་བསུ་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། ལམ་གཙོ་རྣམ་གསུམ། པཎ་གྲུབ་བསྟོད་ཆེན་བཅས་གསུང་འདོན་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའསློབ་སྩལ་དོན། བར་སྐབས་ངོས་རང་ན་ཚ་ཧ་ཅང་ལྗིད་པོ་ན་བྱུང་། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༨ ཉིན་ལྡི་ལི་ནས་རྡ་སར་ཡར་འབྱོར་བ་རེད། བདེ་ཐང་ཡིན། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་གཟུགས་པོ་འཁྱོར་ནས་ཧ་ཅང་མ་བདེ་བ་ཆགས་འདུག དེ་ནས་ལམ་སེང་ཐག་བཅད་ནས་ལྡི་ལིར་ཕྱིན་པ་ཡིན། ལྡི་ལིར་སྨན་བཅོས་བྱེད་སྐབས་ཁབ་བཙུགས་ནས་གང་ཙམ་སྡུག་པོ་བཏང་བྱུང་།
ན་ཚའི་ན་ཟུག་མེད་ཀྱང་སྨན་བཅོས་བྱས་པས་ཧ་ཅང་རྙོག་དྲ་བྱུང་ཡང་རྗེས་ལ་སངས་དྲག་རེད། འོན་ཀྱང་ཏོག་ཙམ་ལྷོད་ལྷོད་བྱས་ཏེ་ངལ་གསོ་རྒྱག་དགོས་པ་གལ་ཆེན་པོ་འདུག ཕྱོགས་གཅིག་ནས་བསམ་བློ་བཏང་ན་ད་རེས་ན་ཚ་གང་ཙམ་ཤུགས་དྲག་པོ་བྱུང་བ་དེ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། གུང་སེང་མང་བ་ཐོབ་ཀྱི་འདུག ངོས་ཀྱི་ངོ་ཤེས་པ་སྐོར་སྲུང་བ་ཁ་ཤས་ཀྱིས་མཛད་འཆར་ཉུང་དུ་གཏོང་དགོས་ཀྱི་འདུག་ཅེས་བརྗོད་ཀྱི་འདུག ངོས་ཀྱིས་ཀྱང་དེ་ག་རང་བྱས་ཏེ་ཉིན་རྟག་པར་མི་དགོས་པ་བྱས་ཏེ་བང་ཞིག་སྒྲིག་ཡོད། ཝ་ར་ཎ་སིར་སྔོན་མ་རྟགས་གསལ་གཏོང་བའི་སྐབས་སུ་རིན་པོ་ཆེས་ད་འདི་ཙམ་རེད་ཅེས་སྐད་བརྒྱབ་ནས་བཤད་རྒྱུ་ཞིག་ཡོད། དེ་བཞིན་ངོས་ཀྱིས་མང་དྲག་གི་ཡོད་ན་ད་འདི་ཙམ་རེད་ཅེས་ལབ་ཤོག་ཨང་ཞེས་བཀའ་སྩལ་རྗེས་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་རྗེས་དྲན་བགྲོ་གླེང་ཆེན་མོའི་དགོས་དམིགས་སོགས་ཀྱི་སྐོར་དང་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་ཉིན་གྲངས་གསུམ་རིང་གི་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་གི་བརྗོད་གཞི་དང་། གཙོ་སྐྱོང་བ། གསུང་བཤད་གནང་མཁན་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱིས་དེང་སྐབས་ང་ཚོ་ནང་པ་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་ཞེས་འཆར་ཅན་བཤད་ཀྱི་ཡོད། དེ་སྔ་བོད་ལ་ཆ་བཞག་ན་ཆོལ་ཁ་གསུམ་ཡོངས་རྫོགས་ནང་པའི་རྗེས་སུ་ཞུགས་མཁན་རེད། བོན་ཡོད་པ་རེད། བོན་ནི་ནང་པའི་གཞུང་དང་འདྲེས་ནས་ནང་པའི་གཞུང་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་བོད་ལ་སངས་རྒྱས་པའི་ཆོས་ནི་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་ཡོད།
འོན་ཀྱང་ཏོག་ཙམ་ཞིབ་ཚགས་པོ་བྱས་ཏེ་བལྟས་པ་ཡིན་ན་དད་པ་ཡོད། དད་པ་དང་འབྲེལ་བའི་ཐོག་ནས་སྨོན་ལམ་བརྒྱབ་པ་དང་ཆོ་ག་ཕྱག་ལེན་འདོན་པ་ལྟ་བུ་བྱེད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཟེར་རྒྱུ་འདི་ལ་ཁྱད་ཆོས་ག་རེ་ཡོད་དམ་ཞེ་ན། རྒྱ་གར་ནས་བྱུང་བ་རེད། རྒྱ་གར་ནང་བཅོམ་ལྡན་འདས་མ་བྱུང་བའི་གོང་ལ་ཞི་གནས་དང་ལྷག་མཐོང་ཟེར་བ་སོགས་ཡོད་པ་རེད། སངས་རྒྱས་པའི་ཆོས་ལ་མི་འདྲ་བ་གང་དག་བྱུང་ཡོད་པ། དེ་རྒྱུ་མཚན་ཅི་ཞིག་གི་ཐོག་ནས་གསུང་འདུག མཐར་གཏུགས་ན་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་རྒྱུ་དེ་རེད་འདུག རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་ནི་བཅོམ་ལྡན་འདས་ཉག་གཅིག་གིས་མ་གཏོགས་གཞན་སུ་གཅིག་གིས་གསུང་གི་མེད། སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་དངོས་མ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་འདིའི་ཐོག་ནས་ཡོང་གི་ཡོད། ངོ་སྤྲོད་ཙམ་མ་ཡིན་པར་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱིས་སེམས་ལ་འགྱུར་བ་ཅི་ལྟར་གཏོང་གི་ཡོད་མེད། ཤེས་རབ་ཟེར་རྒྱུ་འདི་བདེ་སྐྱིད་ཀྱི་དོན་དག་ཡིན་པའི་སྐད་ཆ་རེད། བདེ་སྐྱིད་ཅེས་པ་ནི་སེམས་བཏུལ་ན་བདེ་བ་དང་ཞི་བ་ཡོང་གི་ཡོད། སེམས་མ་བཏུལ་ན་སྡུག་བསྔལ་རེད། དེར་བརྟེན་སེམས་མ་བཏུལ་བ་བཏུལ་བར་ཅི་ལྟར་བྱེད་དགོས་ཀྱི་འདུག མ་ཞི་བ་ཞི་བར་ཅི་ལྟར་བྱེད་དགོས་ཀྱི་འདུག སྨོན་ལམ་བརྒྱབ་ནས་སངས་རྒྱས་མཁྱེན། སངས་རྒྱས་མཁྱེན། ང་རང་ཚོས་ནམ་རྒྱུན་བླ་མ་མཁྱེན་ཟེར་བཞིན་ཡོད།
ངོས་ལ་འདིའི་ཐད་སྒྲུང་ཞིག་ཡོད། ཀརྨ་པ་རིན་པོ་ཆེའང་ངོས་ཀྱིས་སྒྲུང་འདི་ཞུས་པ་ཡིན། ཕ་ཡུལ་ནས་ཁམས་ཁ་ཤས་ཞིག་ཡོང་གི་ཡོད་པ་རེད། ཁོ་ཚོར་གཡག་ཁ་ཤས་བའདེད་རྒྱུ་ཡོད་འདུག གཡག་གཙང་པོའི་ཆུ་བརྒལ་སྐབས་ཀརྨ་པ་མཁྱེན། ཀརྨ་པ་མཁྱེན་ཞེས་སྨོན་ལམ་བརྒྱབ་པ་རེད། དེ་ནས་གཡག་གཅིག་ཆུས་འཁྱེར་བ་རེད། དེ་ནས་ཀརྨ་པའི་རོ་ལབ་པ་རེད།
དེར་བརྟེན་དད་པ་ཞིག་ཡོད་ཀྱང་རྒྱུ་མཚན་ལ་བརྟག་དཔྱད་བྱས་ནས་ཕྱི་ནང་གི་ཁྱད་པར་གང་འདུག སངས་རྒྱས་པའི་ཆོས་སྤྱི་དང་། སངས་རྒྱས་པའི་ཆོས་ཟེར་དུས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ནས་བྱང་ཕྱོགས་སོ་བདུན་སོགས་པཱ་ལིའི་གཞུང་དང་ལེགས་སྦྱར་གྱི་གཞུང་ཚང་མ་ཐུན་མོང་པ་རེད། འདི་གལ་ཆེན་པོ་འདུག དེ་སྔ་སྐབས་རེར་ང་ཚོ་ཐེག་ཆེན་པ་རེད། ཁོང་ཚོ་ཐེག་དམན་པ་རེད་ཅེས་བཤད་པ་དེ་ནོར་འཁྲུལ་རེད་འདུག ཐེག་དམན་པ་ཞེས་དམན་པར་འཇོག་པ་མདོ་སྡེ་རྒྱན་ནང་ཐ་སྙད་འདི་ཕལ་ཆེར་ཡོང་བ་ཡོད། ང་ཚོས་ཐེག་དམན་ཞེས་ཟེར་བཞིན་པའི་པཱ་ལིའི་གཞུང་ནི་སངས་རྒྱས་པའི་ཆོས་ཀྱི་གཞི་མ་ཆགས་ཡོད། ཡུལ་ཝ་ར་ཎ་སི་ནས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་གསུང་དུས་སྡེ་སྣོད་གསུམ་གྱི་ནང་སྡེ་སྣོད་གསུམ་གྱི་ནང་བསྡུས་པའི་པཱ་ལིའི་གཞུང་འདི་རེད། དེ་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། དེ་ལ་ང་ཚོས་དོ་སྣང་ཡག་པོ་བྱུང་ན་འཛམ་གླིང་འདིའི་སྟེང་ནང་པའི་ཡུལ་གྲུ་ཚང་མ་གཅིག་གྱུར་ཆགས་ཐུབ་ཀྱི་འདུག
དེ་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་སྤྱི་དང་། ལྷག་པར་སྔགས་ཀྱི་ཕྱོགས་ལ་སླེབ་ཡོང་སྐབས་ནང་པ་གཞན་དང་ཏོག་ཙམ་མི་འདྲ་བ་ཆགས་ཡོང་གི་འདུག གང་ལྟར་སངས་རྒྱས་པའི་ཆོས་པཱ་ལིའི་ཆོས་བརྒྱུད་ནང་ཡོད་པ་དེ་དག་རྨང་གཞི་རེད། དེའི་སྒང་ལ་ནཱ་ལེནྡྲའི་མཁས་པའི་བསྟི་གནས་ཤིག་ཡིན་སྟབས་སངས་རྒྱས་པའི་ཆོས་ཀྱི་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། ལྷག་པར་བདག་མེད་སོགས་ལ་ཞིབ་ཚགས་པོའི་ཐོག་ནས་འགྲེལ་བཤད་སྐྱོན་ཡོད་པ་ནི་འཁོར་ལོ་བར་བའི་ནང་ལ་ཆགས་ཡོད། ཁ་སང་རྒྱ་གར་མཁས་དབང་སོགས་མི་ཁག་གཅིག་ངོས་ལ་ཐུག་བྱུང་། ཁོང་ཚོས་ཐ་མག་འཐེན་ན་གཟུགས་པོར་ཧ་ཅང་གནོད་ཀྱི་རེད། ཅེས་ཡིག་ཆ་ཡོད་པ་མ་ཟད་སློབ་གསོ་སྤྲོད་ཀྱི་ཡོད་ཀྱང་མུ་མཐུད་ཐ་མག་འཐེན་གྱི་ཡོད་པ་རེད། ཅེས་བརྗོད་བྱུང་།
འདི་ཀྱིས་འདི་དེ་ལྟར་མ་རེད་ཅེས་བརྗོད་པ་ཡིན། ཤེས་རབ་ལ་ཐོས་བྱུང་གི་ཤེས་རབ་དང་། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་ཟེར་ནས་འགྲོ་དགོས་ཀྱི་རེད། ཐོབ་བྱུང་གི་ཤེས་རབ་ཟེར་ནས་མི་གཞན་གྱི་བརྗོད་པ་དང་ཡིག་ཆའི་ནང་ཡོད་པ་ཙམ་གྱི་ཐོག་ནས་ཡིན་པ་རེད་བསམ་པ་དྲན་པ་ནི་ཐོས་བྱུང་གི་ཤེས་རབ་རེད། དེས་ཡོང་གི་མ་རེད། ཐ་མག་འཐེན་ན་སྐྱོན་ཡོད་པ་རེད་ཅེས་བརྗོད་ན། དེ་རྩིས་མེད་བྱེད་རྒྱུ་ཡོང་གི་ཡོད་པ་རེད། བསམ་བྱུང་གི་ཤེས་རབ་དགོས་ཀྱི་ཡོད་པ་རེད། ཐོས་པའི་དོན་དེ་ལ་ཡང་ནས་ཡང་དུ་བསམ་བློ་བཏང་སྟེ་དཔྱད་པ་བྱས་ནས་དགེ་དང་སྐྱོན་ཡང་དགོས་པ་དེ་དག་ལ་བསམ་བློ་བཏང་། ཉམས་ཞིབ་དང་ཚོད་ལྟ་བྱས་པའི་ཐོག་ནས་བསམ་བྱུང་གི་ཤེས་རབ་ཟེར་རྒྱུ་དེ་ཡོང་གི་ཡོད་པ་རེད། བསམ་བྱུང་གི་ཤེས་རབ་སླེབ་དུས་སེམས་ནང་ངེས་པ་ཐོབ་ཡོད།
ཐ་མ་འཐེན་ན་སྐྱོན་ཡོད་པ་རེད་ཟེར་རྒྱུ་དེ་གོ་བའི་དོན་དེ་ལ་ཡང་ནས་ཡང་དུ་བསམ་བློ་བཏང་དཔྱད་པ་བྱས་ནས་སེམས་གཏིང་ལ་ངེས་པ་ཐོབ་པའི་སྐབས་ཐ་མ་འཐེན་མཁན་རོགས་པ་ཞིག་གིས་ཐ་མ་འཐེན་རྒྱུའི་ངན་གོམས་བསླབ་པ་ཡིན་ནའང་ཐ་མ་འཐེན་གྱི་མ་རེད། འདི་ཤེས་པར་ཤེས་སྟངས་རེད། བསམ་བྱུང་གི་ཤེས་རབ་སྟེང་འགྲོ་དགོས། བསམ་བྱུང་གི་ཤེས་རབ་ཟེར་རྒྱུ་དེ་ཡོང་བར་རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་དགོས། དེ་ནས་རིམ་པས་སེམས་ལ་དོན་དེ་ལ་ངེས་པ་མཐིལ་ཕྱིན་པ་ཐོབ་ཐུབ་པ་དེ་ལ་ཡང་ནས་ཡང་དུ་བསམ་བློ་བཏང་དུས་སེམས་ལ་ངེས་པ་སྐྱེ་རྒྱུ་ཞིག་སྒོམ་བྱུང་གི་ཤེས་རབ་གཞི་གནས་དང་འབྲེལ་བ་ཟེར་རྒྱུ་ཡོད་ཀྱང་གང་ལྟར་དཔག་ཚད་ཀྱིས་ཐོས་པའི་དོན་ལ་དེ་ལ་ཡང་ནས་ཡང་དུ་བསམ་བློ་བཏང་ནས་དཔེར་ན། ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་ལ་ཚུལ་བཞིན་རབ་བརྟགས་ནས། །བསམ་བྱའི་གནས་ལ་བསམས་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡིས་ཐེ་ཚོམ་ཆོད་པར་ཤོག ། །ཅེས་པ་དེ་རེད་འདུག
དེར་བརྟེན་ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་བྱིས་པ་སྨྲ་བཤད་ཚུན་ཆད་ཀྱིས་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། བླ་མ་ལ་སྐྱབས་སུ་མཆིའོ་ཟེར་གྱི་ཡོད་ནའང་དོན་དག་ག་འདྲ་ཡིན་མིན་ཤེས་ཀྱི་མེད། སྔོན་མ་བོད་ལ་བླ་མ་ཞིག་གིས་གསུང་ཆོས་གནང་བའི་སྐབས། སངས་རྒྱས་དཀོན་མཆོག་ཧ་ཅང་རྩ་ཆེན་པོ་རེད། ཅེས་གསུང་སྐབས་ཆོས་ཉན་མཁན་ཁོངས་ནས་མི་ཞིག་ཡར་ལངས་ཏེ་གོང་དུ་བླ་མས་སངས་རྒྱས་དཀོན་མཆོག་ཧ་ཅང་རྩ་ཆེན་པོ་རེད། ཅེས་སོང་སངས་རྒྱས་ཞེས་པ་གང་དུ་ཡོད་དམ་ཞེས་ཞུས་པར། བླ་མས་མཛུབ་མོ་གནམ་ལ་བརྐྱངས་ཏེ་མི་མངོན་ནམ་མཁའི་དབྱིངས་ཤིག་ལ་ཤེལ་གྱི་ཁང་པའི་ནང་འོད་འཚེར་རེར་བཞུགས་ཡོད་ཅེས་བརྗོད་པ་རེད།
གཞི་བདེན་པ་གཉིས་དང་ལམ་ཐབས་ཤེས་གཉིས། དེ་ནས་རིམ་པས་སྤངས་བྱ་སྤངས་ནས་ཆོས་སྐུ་དམ་པ་དང་གཟུགས་སྐུ་དམ་པའི་རྣམ་གཞག་སྐོར་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་རེད་འདུག ངོས་ཀྱིས་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དེང་སྐབས་ཆོས་ལུགས་མཐུན་སྒྲིལ་དགོས་རྒྱུ་གལ་ཆེན་པོ་ཡིན་སྟབས། མཐུན་སྒྲིལ་ཡོང་བར་ཕན་ཚུན་གུས་ཞབས་བྱེད་དགོས། ང་བདེན་ཁྱོད་རྫུན་ཞེས་བརྗོད་ན་མཐུན་སྒྲིལ་ཡོང་གི་མ་རེད། ངའི་ཆོས་ལུགས་ལྷག་རེད་ཁྱོད་ཀྱི་ཆོས་ལུགས་དམན་པ་རེད། ཅེས་བརྗོད་ཐུབ་ཐབས་ཁྱོན་ནས་མེད། འདི་ལ་རྒྱུ་མཚན་ཡོད། ལྟ་གྲུབ་མི་འདྲ་བ་ཡོན་ནའང་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་དེ་དག་ཆོས་ལུགས་ཚང་མས་གསུང་གི་འདུག རྒྱུ་མཚན་མི་འདྲ་བ་གསུང་གི་ཡོད་པ་མ་གཏོགས་སོ་སོའི་ལྟ་གྲུབ་དང་འབྲེལ་བ་ཡོང་གི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱིས་དེ་དང་འབྲེལ་བའི་གསུང་གི་ཡོད། དེ་བཞིན་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་དེ་དང་འབྲེལ་བའི་གསུང་གི་ཡོད། ལྟ་གྲུབ་མི་འདྲ་བ་ཡིན་སྟབས་རྒྱུ་མཚན་མི་འདྲ་བ་ཆགས་ཀྱི་ཡོད། འོན་ཀྱང་གྲུབ་ཆ་ནི་མི་སེམས་པ་བཟང་པོ་དང་ཡ་རབས་བྱེད་དགོས་སྐོར་གསུང་རྒྱུ་གཅིག་པ་རེད་འདུག
དེར་བརྟེན་སངས་རྒྱས་པའི་ཆོས་ཟེར་རྒྱུ་འདི་ཤེས་ནས་དད་པ་ཐོབ་པ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཡར་མཐར་གཏུགས་ན་ངོས་ཀྱིས་གོང་དུ་ཞུས་པའི་རྟེན་འབྱུང་གི་ལྟ་བ་དེ་ཕལ་ཆེར་གལ་ཆེན་པོ་རེད་འདུག དོན་བཞིན་གཟིགས་ནས་ལེགས་གསུངས་པ། །ཁྱོད་ཀྱི་རྗེས་སུ་སློབ་པ་ལ། །རྒུད་པ་ཐམས་ཅད་རིང་དུ་གྱུར། །ཉེས་ཀུན་རྩ་བ་ལྡོག་ཕྱིར་རོ། །ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང༌། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཨེ་མའོ་མཁས་པ་འདི་གཉིས་ཀྱི། །ཁྱད་པར་ཁོང་དུ་ཆུད་གྱུར་བ། །དེ་ཚེ་རྐང་གི་ཁོང་ནས་ནི། །ཁྱོད་ལ་ཅི་ཕྱིར་གུས་མི་འགྱུར། །ཞེས་རྗེ་རིན་པོ་ཆེ་མཆོག་གིས་གསུང་པ་འདི་རེད་འདུག རྗེ་རིན་པོ་རང་ཉིད་ཀྱིས་རྣམ་དཔྱོད་བསྟན་ནས་གསུང་པ་མ་རེད། དཔལ་ལྡན་ཀླུ་སྒྲུབ་ཀྱི་དགོངས་པ་མཐིལ་ཕྱིན་པ་གསུང་གི་འདུག ཀླུ་སྒྲུབ་ཀྱི་དགོངས་པ་བཀྲལ་མཁན་ལའང་སློབ་དཔོན་སངས་རྒྱས་བསྐྱངས་སོགས་བཀྲལ་སྟངས་ཤིག་དང་། དེ་བཞིན་སློབ་དཔོན་ལེགས་ལྡན་སོགས་བཀྲལ་སྟངས་མི་འདྲ་བ་ཡོང་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །