ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༤ ཉིན་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཐེངས་དང་པོ་ཨི་ཊ་ལིའི་རྒྱལ་ཁབ་ཏུ་འཚམས་གཟིགས་སུ་ཕེབས་འབྱོར་གྱིས་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་་Italy-Tibet Association ལོ་འཁོར་ཚོགས་འདུའི་སྟེང་མཉམ་ཞུགས་གནང་།
དེ་ཡང་ཚོགས་པ་དེ་ནི། ཨི་ཊ་ལི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྙིང་ཤོས་དེ་ཆགས་ཡོད། ཚོགས་འདུའི་ཐོག་འཆི་མེད་རིག་འཛིན་ལགས་ཀྱིས་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་ཚོགས་པ་ངོས་ནས་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་རིང་བོད་དོན་ཆེད་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྔར་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་།
བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་བར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ནི་དངོས་ཡོད་དང་མཐུན་ཞིང་། དབུ་མའི་ལམ་གྱི་སྲིད་བྱུས་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་བྱེད་རྒྱུ་དེ་ཡིན། ཞེས་དང་། གཞན་ཡང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་དང་བྱེད་བཞིན་པར་མ་ལྟོས་པར། བོད་མིའི་རྩ་དོན་འཐབ་རྩོད་ཀྱི་སྙིང་སྟོབས་ནི་ཉིན་རེ་ནས་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་མུས་ཡིན་པའི་སྐོར་གསུང་།
ཕྱོགས་མཚུངས་འཆི་མེད་རིག་འཛིན་ལགས་ཨི་ཊ་ལིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མེ་ཐེའོ་ Matteo Bianchi མཆོག་དང་ཐུག་འཕྲད་ཀྱིས་སྐུ་ཞབས་མེ་ཐེའོ་མཆོག་གིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྒྱ་ནག་དཔལ་འབྱོར་དང་དམག་དོན་ཐོག་ནས་སྟོབས་ཤུགས་རྒྱས་བཞིན་པའི་སྐབས་འདིར། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཆེད་རྒྱབ་སྐྱོར་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་ཅེས་གསུང་བ་མ་ཟད། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་སླད་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་ཡོད།
དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཨི་ཊ་ལིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་གནང་སྟེ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་དང་གནད་དོན་གཞན་ཁག་གཅིག་གི་སྐོར་གསུང་བཤད་གནང་ཡོད་པ་བཅས། །