ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོད་པའི་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དབུ་འབྱེད་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་རྣམ་གཉིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཕེབས་འབྱོར་སྐབས་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས་དང་། འགན་འཛིན་ལས་རོགས་ཚེ་དབང་ནོར་བུ་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ཆེ་ཉི་མ་བུ་འཁྲིད་ལགས་སོགས་ནས་ཕེབས་བསུ་སྣེ་ལེན་ཞུས། དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་དར་ཆིངས་གཅོད་འབྲེག་གནང་སྟེ་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་དབུ་འབྱེད་གནང་གྲུབ་མཚམས་སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་གྱིས་ལས་བྱེད་དང་སྡེ་ཚན་ཁག་རིམ་བཞིན་ངོ་སྤྲོད་ཞུས།
དེ་ནས་བཀའ་བློན་མཆོག་དང་། ཤེས་རིག་དྲུང་ཆེ་རྣམ་གཉིས་ཤེས་རབ་དགའ་ཚལ་སློབ་གླིང་གི་འཛིན་ཁང་དང་། དཔེ་མཛོད་ཁང་། ལག་ཤེས་སྡེ་ཚན། བུ་དང་བུ་མོའི་ཉལ་ཁང་། སྨན་ཁང་སོགས་ལ་གཟིགས་ཞིབ་གནང་རྗེས་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ཚང་འཛོམས་ཀྱིས་ཐོག་མར་སློབ་གྲྭའི་དགེ་ཆེ་ཉི་མ་བུ་འཁྲིད་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་གིས་འཛིན་གྲྭ་བཅུ་གཉིས་ཐར་སོན་པའི་སློབ་མ་གཉིས་དང་ཚེམ་བཟོ་ཐར་ཕྱིན་པའི་སློབ་མ་གཅིག་བཅས་ལ་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་དོན། ཕྲན་རང་ཤེས་རིག་བཀའ་བློན་གྱི་འགན་ཁུར་ནས་ལོ་གཅིག་ཙམ་འགྲོ་བཞིན་ཡོད། དུས་ཡུན་དེའི་རིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཡོང་རྒྱུའི་གོ་སྐབས་ཐེངས་འགའ་ཤས་བྱུང་། འོན་ཀྱང་ལས་དོན་སྣ་མང་ལ་བརྟེན་ནས་རྣམ་པ་ཚོ་དང་ཐུག་འཕྲད་ཞུ་རྒྱུའི་གོ་སྐབས་མ་བྱུང་བར་བཟོད་གསོལ་ཞུ་རྒྱུ་ཡིན།
ད་རེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ངེས་པར་དུ་འགྲོ་གི་ཡིན་ཞེས་ཕྲན་དང་ཤེས་རིག་དྲུང་ཆེ་ཡོང་བ་ཡིན། ད་རེས་འདི་ལོའི་སློབ་དུས་ཐོག་མ་དེ་འཚོགས་ཀྱི་ཡོད་པ་ཤེས་ཀྱི་མེད། འོན་ཀྱང་འདིར་བཅར་བའི་སྐབས་འདི་ལོའི་འཛིན་གྲྭ་ཐོག་མ་དེ་ཚོགས་ཀྱི་ཡོད་པ་ཤེས་བྱུང་། དེར་བརྟེན་རྣམ་པ་ཚོའི་འཛིན་གྲྭ་ཚགས་ཆུད་ཡོང་བའི་སྨོན་ལམ་ཡོད། འདིར་སློབ་ཕྲུག་ཧ་ཅང་མང་པོ་མེད་སྟབས་ང་ཚོ་ཚང་མ་མཉམ་དུ་བསྡད་ནས་གོ་བསྡུར་བྱེད་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱིས་དྲི་བ་ཁག་ལ་ལན་འདེབས་ཕྲིབ་རྒྱས་གནང་ཡོད་པ་མ་ཟད། སློབ་ཕྲུག་རྣམས་ནས་དུས་རྒྱུན་དུ་ཕན་ཚུན་མཐུན་འབྲེལ་དམ་ཟབ་དགོས་པ་དང་། རང་འཁྲིའི་ཤེས་ཡོན་སློབ་སྦྱོང་ཐོག་ཧུར་བརྩོན་དགོས་པ། ལྷག་པར་འཕྲོད་བསྟེན་ཐོག་དོ་སྣང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།
སྤྱིར་ད་ལྟའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་ཕྲུག་གྲངས་ ༤༦ དང་། དགེ་རྒན་གྲངས་ ༡༣། ལས་བྱེད་གྲངས་ ༨ ཡོད་འདུག་པ་བཅས། །