ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཡུལ་དེའི་གྲོང་ཁྱེར་པྲི་ཊོ་རི་ཡའི་མཐོ་སློབ་ University of Pretoria ནང་དགེ་ལས་སློབ་མ་ཁག་གཅིག་ལ། ༼ རིག་གཞུང་ལ་རྟེན་པའི་རྒྱལ་ཞེན་གྱི་བསམ་བློ། འགྲོ་བ་མིའི་ཐོབ་ཐང་། རང་ལུས་མེར་སྲེག ༽ ཅེས་པའི་བརྗོད་གཞིའི་ཐོག་ལྷན་ཚོགས་འཚོགས་སྐབས། བོད་མིའི་འཐབ་རྩོད་སྐོར་གསུངས།
དེ་ཡང་ལྷན་ཚོགས་གོ་སྒྲིག་གནང་མཁན་མཐོ་སློབ་དེའི། དངོས་མཐོང་ལོ་རྒྱུས་དང་། ཉམས་མྱོང་རྗེས་དྲན་ཚན་པ། དེ་བཞིན་མཐོ་སློབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་བཅས་ཐུན་མོང་ཐོག་གོ་སྒྲིག་གནང་བ་ཞིག་རེད་འདུག གཏམ་བཤད་གནང་སྐབས་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ཛེ་བྷེ་ཐི་གྷེ་ཝུཌ་ Mrs Elizabeth Gaywood ལགས་དང་། མཐོ་སློབ་ཀྱི་ཨིན་ཡིག་ཚན་པའི་སློབ་དགེ་སྐུ་ཞབས་ཨེན་ཊོ་ནི་ Dr Antony Goedhals ལགས་དབུ་བཞུགས་གནང་བ་དང་། དོན་གཅོད་ནས་ཐོག་མར་བོད་ནང་དུ་སྣོད་བཅུད་ཆགས་ཚུལ་དང་། རིམ་བཞིན་ནང་ཆོས་དར་བ། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟུང་མ་བྱས་སྔོན་གྱི་བོད་མིའི་སྤྱི་ཚོགས་དང་། ཆབ་སྲིད། ནང་ཆོས་སོགས་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་གནང་བ་མ་ཟད། རྒྱ་ནག་གཞུང་གི་ལོ་ངོ་ ༦༠ རིང་བོད་དབང་སྒྱུར་བྱས་པའི་དུས་སྐབས་སུ་བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་སུན་གཙེར་དང་། ཐ་ན་ཆོས་བྱེད་དགོན་སྡེའི་བྱེད་སྒོར་གཞུང་གིས་ཐེ་བྱུས་བྱས་པ་དང་། བོད་མིའི་སློབ་གྲྭ་ཁག་གི་ནང་དུ་བོད་སྐད་སློབ་ཁྲིད་བྱ་རྒྱུ་བཀག་སྡོམ་བྱས་པ། རྒྱ་ནག་གཞུང་གིས་བོད་མི་རྣམས་དཔལ་འབྱོར་ཟུར་འབུད་བྱས་པ་དང་། བོད་ཀྱི་ཁོར་ཡུག་དང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པ། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཁ་འཇམ་གཏིང་གནག་མངོན་སུམ་འཛེམས་མེད་ཀྱིས་ལག་བསྟར་བྱས་པར་བརྟེན། ཐོག་མར་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ་དང་། དེ་རྗེས་རིམ་བཞིན་བོད་མི་རྒན་གཞོན་དང་། སྐྱ་སེར། ལས་རིགས་འདྲ་མིན་དབྱེ་བ་མེད་པར་ཁྱོན་བོད་མི་ ༡༥༣ རང་ལུས་མེར་སྲེག་བཏང་བའི་སྐོར་དང་། རྒྱལ་གཅེས་པ་ཁོང་རྣམ་པའི་ཞལ་ཆེམས་དང་། རེ་འདུན་བཅས་ཀྱི་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་འདུག
དེ་བཞིན་རྒྱ་ནག་གཞུང་ནས་ཀྱང་བོད་མི་རང་སྲེག་ལས་འགུལ་བ་རྣམས་ཀྱི་ནང་མི་སྤུན་མཆེད་རྣམས་ལ་གཞུང་གི་ཐོབ་ཐང་བཅད་པ་ཙམ་མ་ཟད། གྲོང་སྡེ་ཡོངས་རྫོགས་ལ་དཀའ་ངལ་བཟོ་བ། ཐ་ན་རང་སྲེག་ལས་འགུལ་བ་ཚོའི་གྲོགས་པོ་གྲོགས་མོ་ཚུན་ཆད་ལའང་དམ་བསྒྲགས་སུན་གཙེར་དང་། སོ་ཉུལ་བྱས་པ། རྒྱ་མིའི་གསང་བའི་ལས་བྱེད་པས་རྗེས་འདེད་བཏང་བ་སོགས་བྱས་སྐོར་གསུངས།
ཕྱོགས་མཚུངས་ལྕམ་སྐུ་ཨེ་ལི་ཛེ་བྷེ་ཐི་གྷེ་ཝུཌ་ Mrs Elizabeth Gaywood ལགས་དང་། སྐུ་ཞབས་ཨེན་ཊོ་ནི་ Dr Antony Goedhals ལགས་གཉིས་ནས་ཀྱང་བོད་མི་བཙན་བྱོལ་བ་རྣམས་དང་འབྲེལ་བ་ཐོག་མར་བྱུང་སྟངས་ཀྱི་བརྒྱུད་རིམ་དང་། ལྷག་པར་བོད་མིའི་ཆོས་དང་རིག་གཞུང་གིས་སྒེར་གྱི་མི་ཚེར་ཕན་ཐོགས་ཇི་ཙམ་བྱུང་བའི་སྐོར་སོགས་གསུང་པ་བཅས། །