ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས། མི་ནེ་སོ་ཊ་མཐོ་སློབ་ཁང་གི་ཨ་རིའི་བོད་རིགས་སློབ་ཕྲུག་མཐུན་ཚོགས་བཅས་ཐུན་མོང་གི་གོ་སྒྲིག་འོག་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲེན་ཀོང་ཁྲེང་གིས་ལྟ་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་མི་ནེ་སོ་ཊ་མཐོ་སློབ་ཁང་དུ་ཚོགས་ཡོད་པ་དང་།
བགྲོ་གླེང་ཐོག་སྐུ་ཞབས་ཁྲེན་ཀོང་ཁྲེང་ལགས་ཀྱིས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇའ་ཁ་ཞུས་པའི་མྱོང་ཚོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པའི་སྐོར། མ་འོངས་པར་རྒྱ་ནག་གིས་བོད་ཀྱི་གནད་དོན་གསལ་ཐུབ་ངེས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་ཞབས་ཁྲེན་ཀོང་ཁྲེང་གིས་བོད་རིགས་དང་རྒྱ་རིགས་སློབ་ཕྲུག་ཁག་གཅིག་གི་དྲི་བར་ལན་འདེབས་གནང་ཡོད། ཐེངས་འདིའི་བོད་རྒྱ་གཉིས་ཀྱི་བགྲོ་གླེང་ཐོག་བོད་རིགས་དང་རྒྱ་རིགས་སློབ་ཕྲུག་གྲངས་ ༣༠ ཙམ་མཉམ་ཞུགས་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༤ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། དབུ་མའི་ལམ་གྱི་གཞོན་ནུའི་མཐུན་ཚོགས། ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག་སྐུ་ཞབས་ཁྲེན་ཀོང་ཁྲེང་ལགས་ཀྱིས་གོང་གི་བརྗོད་གཞིའི་ཐོག་མི་ནེ་སོ་ཊའི་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་རྗེས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ནུབ་ཕྱོགས་སུ་བཞུགས་པའི་བོད་རིགས་མི་རེ་ངོ་རེ་དང་། ལྷག་པར་མཐོ་སློབ་ཁག་ཏུ་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་ཕྲུག་ཚོས་རྒྱ་རིགས་དང་ལྷན་འབྲེལ་བ་མང་ཙམ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས། །