ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་པའི་སློབ་གྲྭ་ཁག་གི་རྒྱུགས་འཕྲོད་པའི་ཆ་སྙོམ་གྱི་བརྒྱ་ཆ་ ༩༡ ཡིན་པ་དང་། སྔ་ལོའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༨༧་༤༧ ཡིན་སྟབས་དེ་སྔ་ལས་བརྒྱ་ཆ་མཐོ་བ་ལོན་ཡོད།
དེ་ཡང་འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་གྲངས་ ༡༢༣༦ དངོས་སུ་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༤༡ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༨༩ ། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༦ བྱུང་ཡོད།
འདི་ལོའང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་ནང་བུ་ལས་བུ་མོའི་བརྒྱ་ཆ་མཐོ་བ་ལོན་ཡོད། བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༨ ཡིན་པ་དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༣ ཡིན་འདུག
འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་བྱུང་བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་དང་དགེ་རྒན་རྣམ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་། འདི་ལོའི་ཕྱི་ཟླ་བདུན་པའི་ནང་བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་རྣམས་ལ་སེམས་ཤུགས་མ་ཆག་པར་མུ་མཐུད་ཧུར་བརྩོན་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་བཅས། །