༢༠༡༩ ཟླ་ ༥ ཚེས་ ༨ རེས་གཟའ་ལྷག་པ།
སྔོན་གླེང་།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༣ ནས་ ༡༦ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་ངྷ་རམ་ས་ལར་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་སྐོར་ལྔ་དང་ལྔ་བཅུའི་འཆར་སྣང་ཞེས་པའི་བརྗོད་གཞི་ཐོག་ཚོགས་འདུ་གོ་སྒྲིག་ཞུས། ཚོགས་འདུར་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཁག་ནས་ཚོགས་བཅར་བ་གྲངས་ ༢༥༠ ལྷག་ནས་མཉམ་ཞུགས་གནང་སྟེ་བོད་མིའི་སྤྱི་ཚོགས་སྲ་བརྟན་གཏོང་བར་འགལ་རྐྱེན་དང་མཐུན་རྐྱེན་ཇི་ཡོད་དང་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་གོ་བསྡུར་སྦྱངས་བཤད་ལྷུག་པོ་གནང་ཡོད། ཚོགས་འདུའི་བརྗོད་གཞི་གཙོ་བོ་ཁག་བཞི་ནི་རིག་གཞུང་དང་། དཔལ་འབྱོར་ཡར་རྒྱས། ཤེས་ཡོན། འཕྲོད་བསྟེན་བཅས་ཡིན།
ཚོགས་འདུའི་བརྗོད་གཞིའི་ཐོག་གསུང་བཤད་གནང་མཁན་མཁས་དབང་དང་། ཁྱད་ལས་མི་སྣ། དེ་བཞིན་བརྗོད་གཞི་དང་འབྲེལ་བའི་ལས་རིགས་གཙོ་སྐྱོང་གནང་མཁན་བཅས་སྡེབ་གཅིག་ལ་འདི་ལྟ་བུ་གྲངས་ཀ་མང་པོ་མཉམ་འཛོམས་ཐུབ་པ་ཕལ་ཆེར་ཉེ་བའི་ལོ་རྒྱུས་ནང་ཐོག་མ་དེ་ཆགས་ཡོད་ཞེས་བརྗོད་ཀྱང་ཆོག དེ་ནི་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཚོགས་འདུའི་སྐབས་དུས་ཚོད་ཆ་བགོས་ཀྱིས་ཚོགས་ཐེངས་དགུའི་ཐོག་གོང་གསལ་བརྗོད་གཞི་དང་འབྲེལ་བའི་གནད་ཐོག་གསུང་བཤད་གནང་རྒྱུ་གོ་སྒྲིག་ཞུས། ཚོགས་འདུའི་སྐབས་གསུང་བཤད་གནང་མཁན་ཁྱོན་མི་གྲངས་བཞི་བཅུ་ནས་ཆ་ཤས་བཞེས་གནང་ཡོད་པ་དང་ཚོགས་བཅར་བའི་དྭོགས་འདྲི་ཁག་ལ་སྐབས་བསྟུན་སོ་སོར་ལན་འདེབས་གསལ་བཤད་གནང་ཐུབ་པ་བྱུང་ཡོད། ཚོགས་བཅར་བ་རྣམས་རང་ཉིད་ཀྱི་འདོད་མོས་བརྗོད་གཞི་གཞིར་བཟུང་ཚོགས་ཆུང་ཆ་བགོས་ཀྱིས་བཀའ་བསྡུར་སྦྱངས་བཤད་བྱུང་ཡོད་པ་རྣམས་གང་ཐུབ་ཡིག་ཐོག་འགོད་སླད་ཟིན་བྲིས་ཚོགས་ཆུང་ཟུར་འགོད་ཞུས་པ་དང་དེ་དག་ནས་གང་ཐུབ་ཡིག་ཐོག་ཏུ་ཕབ་ཐུབ་པ་བྱུང་ཡོད།
གོང་གསལ་ཚོགས་འདུའི་སྐབས་བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་ཐབས་ཐོག་དགོངས་འཆར་གྲངས་ ༥༧ དང་། བོད་ཀྱི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་ཐབས་ཐོག་དགོངས་འཆར་གྲངས་ ༦༤། བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་གཏོང་ཐབས་ཐོག་དགོངས་འཆར་གྲངས་ ༤༡། བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏོང་ཐབས་ཐོག་དགོངས་འཆར་གྲངས་ ༥༥ བཅས་དང་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་བ་ཆ་ཚང་སྙན་ཐོ་འདིའི་ནང་ཕྱོགས་བསྒྲིགས་ཞུས་ཡོད། གསུང་བཤད་གནང་མཁན་ཚོས་རང་ཉིད་ཀྱི་བརྗོད་གཞི་དང་འབྲེལ་བའི་ཐོག་གྲ་སྒྲིག་གནང་ཡོད་པར་སོང་དེ་བསྟུན་ཚོགས་བཅར་བ་ནས་ཀྱང་དགོངས་ཚུལ་ཕུལ་ཐུབ་པ་བྱུང་བ་ནི་ཚོགས་འདུ་འདི་བཞིན་དོན་སྙིང་ལྡན་པ་ཞིག་བྱུང་སོང་སྙམ་པའི་ཚོར་སྣང་ཞིག་བྱུང་།
ཚོགས་འདུ་འདི་ནི་བོད་མིའི་སྒྲིག་འཛུགས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལས་གཞི་མང་དག་ཞིག་འགོ་འཛུགས་གནང་བའི་ཁོངས་ནས་གཅིག་ཆགས་ཡོད། ཕྱི་ཕྱོགས་ནས་མཁས་དབང་དང་ཁྱད་ལས་སོགས་གདན་ཞུ་ཐུབ་པ་འདིས་མ་འོངས་པར་འབྲེལ་ཆགས་ལྷན་ཁང་སོ་སོའི་ལས་དོན་ལག་བསྟར་ཞུ་རྒྱུར་གང་ལ་གང་ཙམ་ཞིག་ལམ་ཀ་ལྟ་བུ་སྟོན་ཐུབ་ཡོད་པའི་རེ་བ་ཞུ་བཞིན་ཡོད། གོང་རིམ་ནས་ཀྱང་དངོས་སུ་ཕྱག་བསྟར་གནང་ཕྱོགས་ཐད་ཐུགས་ཞིབ་ཀྱིས་རིང་མིན་གསལ་ཆ་ཡོང་གི་རེད།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་ཚོགས་ཆེན་ཐོག་ལྔ་དང་ལྔ་བཅུའི་འཆར་སྣང་ཚོགས་ཆེན་སྐབས་བཀའ་བསྡུར་དང་དགོངས་ཚུལ་བྱུང་བ་མངོན་འགྱུར་ཡོང་སླད་བོད་མི་ཚང་མས་ནུས་པ་མཉམ་སྤུངས་བྱེད་དགོས་རེད་གསུངས་བ་ལྟར། སྤྱིར་བོད་མིའི་སྒྲིག་འཛུགས་ནས་ཕྱག་བསྟར་གནང་དགོས་པའི་དགོངས་འཆར་མང་པོ་ཞིག་བཏོན་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཁོ་ནའི་གནད་དོན་ཆ་ཚང་གསལ་ཐུབ་རྒྱུ་ཁག་པོ་ཡིན་པ་བརྗོད་མི་དགོས་པ་རེད།
མཐར་གོ་སྐབས་འདིའི་བརྒྱུད་ཚོགས་ཆེན་འདི་འདྲ་ཞིག་བསྐོང་འཚོགས་དགོས་པའི་དགོངས་གཞི་སྟོན་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་དང་། ཚོགས་ཆེན་འདིར་མཐུན་འགྱུར་སྦྱིན་བདག་གནང་མཁན USAID གཙོས་སྦྱིན་བདག་དང་གྲོགས་པོ་རྣམ་པ། ཚོགས་ཆེན་ནང་མཉམ་ཞུགས་གནང་མཁན་དང་ཚོགས་ཆེན་གྱི་རྒྱབ་ལྗོངས་གནས་ཚུལ་ཟིན་བྲིས་འགོད་མཁན་རྣམ་པ། ཚོགས་ཆེན་ཐོག་གསུང་བཤད་གནང་མཁན་རྣམ་པ་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག འདི་ག་དཔལ་འབྱོར་ལས་ཁུངས་དང་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ལས་བྱེད་རྣམས་ནས་ཟླ་བསྟུད་ཕྱག་ལས་ཧུར་ཐག་དང་ཕྱྭར་གྲུ་མཉམ་འདེགས་གནང་བས་ཚོགས་འདུ་ལམ་ལྷོངས་བྱུང་བར་གོ་སྐབས་འདི་བརྒྱུད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱི་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ལ།
རྒྱབ་གཉེར་དགོངས་འཆར་གཤམ་གསལ།
བརྗོད་གཞི་དང་པོ། བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་ཐབས།
རྒྱབ་ལྗོངས།
ལོ་རྒྱུས་སྨྲ་བ་པ་ཚོས་ལོ་ངོ་སྟོང་ཕྲག་གསུམ་ལྷག་གི་རིང་བོད་ནང་གནའ་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པ་དར་ཁྱབ་བྱུང་ཡོད་པའི་ལོ་རྒྱུས་ཀྱི་རྒྱུ་ཆ་ཕྱོགས་སྒྲིག་བྱས་ཡོད། གནའ་ཤུལ་རྟོག་ཞིབ་བརྒྱུད་གསར་དུ་རྙེད་པའི་གནའ་རྫས་ཁག་གིས་བོད་དེ་ད་དུང་དེ་ལས་ཀྱང་ཆེས་གནའ་རབས་སུ་གྱུར་བས་ལོ་ངོ་ཆིག་ཁྲི་ཉིས་སྟོང་གི་གོང་ལ་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཁྱབ་བྱུང་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད། བོད་ཀྱི་གནའ་བོའི་དཔལ་ཡོན་ནི་གཡུང་དྲུང་བོན་གྱི་ལུགས་སྲོལ་ལ་གཞི་བཅོལ་བ་ཞིག་ཡིན། བོད་རང་ཉིད་ཀྱི་སྔ་ཕྱིའི་ལོ་རྒྱུས་ནང་པཱར་ཤི་ཡ་དང་། ཁོ་ཏན། ཏུར་ཀི། རྒྱ་ནག རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་གཞན་ནས་ཀྱང་སྤྱི་ཚོགས་དཔལ་ཡོན་དང་རིག་གཞུང་གཉིས་ཀའི་ཐོག་ནས་ཤུགས་རྐྱེན་ཐེབས་ཡོད།
ཕྱི་ལོའི་དུས་རབས་བདུན་པའི་ནང་བོད་དུ་ནང་ཆོས་ངོ་སྤྲོད་བྱུང་བ་དང་ནང་ཆོས་དེ་བོད་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གྱུར་ཏེ་བོད་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་ཐེབས་ཡོད། གྱུར་བ་འདིས་རིམ་པས་བོད་ཀྱི་སྤྱི་ཚོགས་དཔལ་ཡོན་དང་བསམ་བློའི་ཁོར་ཡུག་ཡོངས་རྫོགས་ལ་འགྱུར་བཅོས་དང་། བོད་ཀྱི་ཆོས་དང་ལྟ་གྲུབ། གསོ་བ་རིག་པ། སྐར་རྩིས་རིག་པ། སྒྱུ་རྩལ་རིག་པའི་གཞུང་ལུགས་ལའང་ཤུགས་རྐྱེན་གཏིང་ཟབ་ཐེབས་ནས་དེ་དག་བོད་མི་རིགས་ཀྱི་མི་ཚེའི་ཆ་ཤས་སུ་གྱུར་ཡོད།
ནང་ཆོས་ནི་རྒྱ་གར་ནས་བོད་ནང་སླེབས་པ་ཤིག་ཡིན། རྒྱ་གར་གྱི་དགོན་སྡེ་གཙུག་ལག་སློབ་གཉེར་ཁང་ཆེན་པོ་༼ནཱ་ལེན་ཊ་དང་ཨོ་ཏན་པུ་རི། ཝི་ཀ་རམ་ཤཱི་ལ། ཏག་ཤཱི་ལ།༽ ཁག་ནས་ཤེས་ཡོན་དང་། ཆོས་ལུགས། རིག་གཞུང་ཆ་ཚང་བ་ཞིག་བོད་ལ་དར་སྤེལ་བྱུང་ཡོད། ནང་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་དག་གི་ཤེས་ཡོན་སློབ་སྦྱོང་ཁོངས་སུ་ལྟ་གྲུབ་དང་། གཏན་ཚིག་རིག་པ། ཚད་མ་རིག་པ། སེམས་ཁམས་རིག་པ། གསོ་བ་རིག་པ། ལྕགས་བཟོ་རིག་པ། སྒྱུ་རྩལ་རིག་པ། སྙན་ངག བརྡ་སྤྲོད། སྐད་ཡིག རྩོམ་རིག་བཅས་ཡིན།།
བོད་ཀྱི་རིག་གཞུང་ནི་བརྗོད་གཞི་དང་པོའི་ནང་རྒྱས་བཤད་བྱས་ཡོད་པ་ལྟར་བོད་རང་ཉིད་ཀྱི་སྔ་ཕྱིའི་སྤྱི་ཚོགས་དཔལ་ཡོན་གྱི་ལོ་རྒྱུས་རིང་པོ་ཞིག་གི་བརྒྱུད་རིམ་ནང་། རྒྱ་གར་གྱི་ནང་པའི་དགོན་སྡེ་གཙུག་ལག་སློབ་གཉེར་ཁང་ཁག་ནས་ཤེས་ཡོན་དང་། ཆོས་ལུགས། རིག་གཞུང་སོགས་དར་སྤེལ་བྱུང་བ་ལ་བརྟེན་ནས་ཡར་རྒྱས་བྱུང་ཡོད། རིམ་པས་བོད་ཀྱིས་རྒྱ་གར་ནས་གདན་དྲངས་པའི་རིག་གནས་དང་གཞུང་ལུགས་ཁག་ཉར་ཚགས་དང་ཡར་རྒྱས་བཏང་ཡོད་པ༌དེ་དག་ལ་ཕྱོགས་གང་ཐད་ནས་འགྱུར་བཅོས་བཏང་སྟེ་ང་ཚོས་ད་ལྟ་ངོས་འཛིན་བྱེད་བཞིན་པའི་བོད་ཀྱི་རིག་གཞུང་དེ་གྲུབ་ཡོད།
དུས་རབས་ཉི་ཤུའི་དཀྱིལ་ནས་རྒྱ་མིས་བོད་ལ་བཙན་འཛུལ་བྱས་རྗེས། བོད་དང་བོད་མི་རིགས་ལ་བསམ་ཡུལ་ལས་འདས་པའི་རྐྱེན་ངན་ཚབས་ཆེན་བྱུང་ཡོད། རྒྱ་དམག་བོད་དུ་སླེབས་ནས་བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་ངོ་བོ་རྩ་བརླགས་གཏོང་སྐབས། བོད་མི་ཁྲི་བརྒྱད་ཡས་མས་ཤིག་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་དུ་བྲོས་བྱོལ་ལ་སླེབས།
༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་རྒྱ་གར་ལ་ཆིབས་བསྒྱུར་བསྐྱངས་གྲུབ་རྗེས་བཙན་བྱོལ་བོད་མིའི་གནས་སྟངས་དང་བོད་ནང་རྒྱ་ནག་གི་སྲིད་བྱུས་ལ་བརྟེན་ནས། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་འཕྲལ་དུ་དགོངས་པ་བཞེས་འགོ་བཙུགས་ཡོད་པའི་ཁོངས་ནས་གཙོ་བོ་ཁག་ནི།
༡། བོད་མི་སྐྱབས་བཅོལ་བ་རྣམས་གནས་སྡོད་བྱེད་ས་དང་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་སའི་རྒྱ་བལ་འབྲུག་གསུམ་དུ་གཞིས་ཆགས་གསར་འཛུགས།
༢། བོད་ཕྲུག་ཚོར་དེང་དུས་ཀྱི་ཤེས་ཡོན་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཉིས་ཀ་སློབ་སའི་སློབ་གྲྭ་གསར་འཛུགས།
༣། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་སའི་གལ་ཆེའི་ལྟེ་གནས་གསར་པ། བོད་ནང་དུ་རྒྱ་མིས་གཏོར་བཤིག་བཏང་ཟིན་པའི་དགོན་སྡེ་གྲྭ་ཚང་ཁག་བསྐྱར་འཛུགས།
བོད་ཀྱི་ཆོས་དང་རིག་གཞུང་ནི་ད་ཆ་འཛམ་གླིང་ཕྱོགས་གང་སར་དར་ཁྱབ་འགྲོ་བཞིན་ཡོད། དེ་ལྟར་ནའང་བོད་ནང་རྒྱ་མིས་བོད་ཀྱི་རིག་གཞུང་རྩ་བརླགས་གཏོང་བའི་འབད་བརྩོན་མུ་མཐུད་བྱེད་བཞིན་པ་དང། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱང་སྔར་ལས་ཁ་འཐོར་ཤུགས་ཆེ་རུ་ཕྱིན་ནས། དེང་རབས་སྤྱི་ཚོགས་ཀྱི་གནོན་ཤུགས་དང་མཛེས་སྡུག་གི་ཤུགས་རྐྱེན་ཐེབས་བཞིན་པར་བརྟེན། བོད་ཀྱི་རིག་གཞུང་ནི་སྔར་ལས་ལྷག་པའི་ཉེན་ཁའི་གནས་སུ་གྱར་ཡོད། དེས་ན། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་ད་ལྟ་བོད་མི་རིགས་ཀྱིས་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེ་ཤོས་ཤིག་ཡིན།
ཚོགས་བཅར་བའི་དགོངས་འཆར།
ཀ༽ བོད་ཀྱི་རིག་གཞུང་གི་ངོ་བོ་འཛིན་སྟངས་དང་མི་ཉམས་རྒྱུན་འཛིན་བྱེད་ཐབས།
༡། བོད་བརྒྱུད་ནང་བསྟན་གྱི་གཞི་རྩར་གྱུར་བའི་དཔལ་ནཱ་ལེནྡྲའི་མཚན་ཡོད་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གཙུག་ལག་སློབ་གཉེར་ཁང་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལྟ་བུར་གསར་འཛུགས་གནང་གལ།
༢། བོད་ཀྱི་རིག་གཞུང་རྒྱུན་གནས་ཐུབ་ཐབས་སུ་རིག་གཞུང་ལྟེ་གནས་ཁང་ཚད་ལྡན་ཞིག་གསར་འཛུགས་ཞུ་གལ། ཕྱིའི་ཡུལ་གྲུ་ཁག་ཏུ་ཡོད་པའི་རིག་གཞུང་ལྟེ་གནས་ཁང་ཁག་ཉམས་གསོ་དང་འབྲེལ་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ་དགོས་གལ།
༣། རྒྱལ་སྤྱིའི་རིག་གཞུང་ལྟེ་གནས་ཁང་དང་གཙུག་ལག་སློབ་གཉེར་ཁང་ཁག་ནང་བོད་ཀྱི་རིག་གཞུང་སྡེ་ཚན་བསྐྲུན་ཐབས་ཞུ་གལ།
༤། ཕྱི་རྒྱལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་ཚོགས་པ་དང་རྒྱ་གར་གྱི་རིག་གཞུང་ལྟེ་གནས་ཁག་ལ་འབྲེལ་བ་ཞུ་གལ།
༥། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་འདུ་ཡང་ཡང་འཚོགས་རྒྱུར་མཐུན་འགྱུར་དང་། སློབ་མ་རྣམས་ནས་ལེགས་སྦྱར་དང་པཱ་ལི་སྐད་ཡིག་སྦྱོང་དགོས་པའི་བསྐུལ་མ་ཞུ་གལ་དང་། དེ་བཞིན་ཉམས་ཞིབ་སློབ་མ་རྣམས་ལ་མཐུན་འགྱུར་དང་སློབ་ཡོན་གྱི་གོ་སྐབས་སྤྲོད་གལ།
༦། རྒྱལ་སྤྱིའི་རིག་གཞུང་དང་ཤེས་ཡོན་གྱི་ལྟེ་གནས་ཁང་ཁག་ལ་འབྲེལ་ལམ་གནང་ཆེད་དམིགས་བསལ་འབྲེལ་མཐུད་པ་ཟུར་འཛུགས་གནང་གལ།
༧། ལྡི་ལི་བོད་ཁང་ཆགས་ཡུལ་ས་ཚིགས་དམིགས་བསལ་ཅན་ཡིན་པར་སོང་བོད་ཀྱི་རིག་གཞུང་གི་ལས་གཞི་རྒྱ་བསྐྱེད་དང་འབྲེལ་གོ་རྟོགས་ལས་གཞི་ཡང་ཡང་སྤེལ་གལ།
༨། དྲྭ་རྒྱའི་བརྒྱུད་ལམ་ཐོག་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྦྱོང་སའི་དྲྭ་ཚེགས་གསར་བཟོ་གནང་གལ། དྲྭ་རྒྱ་དེའི་ནང་དོན་དུས་ནས་དུས་སུ་ཁ་བསྐོང་དང་འབྲེལ་དྲྭ་རྒྱ་གཟིགས་མཁན་རྣམས་ཀྱི་དགོངས་ཚུལ་བསྡུ་ལེན་བྱེད་སའི་སྡིངས་ཆ་བསྐྲུན་གལ།
༩། དྲྭ་ཐོག་ནས་སློབ་རྒྱུའི་རྒྱུ་ཆ་གཟིགས་རྒྱུ་ཡོད་པ་དང་། རྒྱུགས་ལེན། དེ་བཞིན་ཕྱག་འཁྱེར་སྤྲོད་རྒྱུ་ཡོད་པ་བཅས་ཀྱི་མཐུན་རྐྱེན་སྦྱོར་གལ།
༡༠། བོད་མིའི་སྒྲིག་འཛུགས་ནས་ནང་ཆོས་དང་འབྲེལ་ནས་མི་ཚེ་སྐྱེལ་སྟངས་དང་ནང་པའི་ལྟ་གྲུབ་སྐོར་གོ་རྟོགས་སྤེལ་གལ།
ཁ༽ བོད་ཀྱི་སྐད་ཡིག་གོང་སྤེལ་གཏོང་ཐབས།
༡། བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་ཀློག་དེབ་ཁག་གི་ནང་རབ་བཏགས་དང་རིས་མོ་གང་མང་འཇུག་གལ།
༢། ཟླ་བ་གསུམ་རེའི་མཚམས་ན་གཞོན་ཚོར་རིག་གཞུང་གོ་རྟོགས་སྤེལ་རྒྱུའི་ལས་རིམ་འདྲ་མིན་གོ་སྒྲིག་ཞུ་གལ།
༣། དྲྭ་ལམ་བརྒྱུད་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སློབ་ཕྲུག་ཚོར་བོད་ཀྱི་རིག་གཞུང་དང་སྐད་ཡིག་སློབ་འཁྲིད་གནང་གལ།
༤། བོད་མིའི་སྒྲིག་འཛུགས་ངོས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་སོགས་གོ་སྒྲིག་སྐབས་བོད་སྐད་ཁོ་ན་བེད་སྤྱོད་གཏོང་དགོས་པའི་སློབ་གསོ་དང་བསྐུལ་མ་གནང་གལ།
༥། བོད་ཀྱི་གཞོན་སྐྱེས་རྣམས་ལ་བོད་ཀྱི་རིག་གཞུང་དང་སྐད་ཡིག་གལ་ཆེ་ཡིན་སྐོར་སློབ་གསོ་སྐྱོན་གལ།
༦། སྲི་ཞུའི་ལས་བྱེད་ནང་བོད་ཡིག་གནས་ཚད་གང་ལེགས་ཡོད་པ་གང་མང་གསར་བསྡུ་གནང་གལ།
༧། ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བའི་བོད་སྐད་ཀྱི་ཐ་སྙད་གསར་པ་རྣམས་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གཙོས། བོད་སྐད་རླུང་འཕྲིན་ཁང་ཁག་དང་། བརྙན་འཕྲིན། གསར་ཤོག་ཁག་བཅས་ཀྱི་བརྒྱུད་གཅིག་འགྱུར་བེད་སྤྱོད་གཏོང་རྒྱུ་གལ་ཆེ་ཡིན་པའི་སྐོར་གོ་རྟོགས་སྤེལ་དགོས་པ་མ་ཟད། བརྒྱུད་ལམ་ཁག་གི་ནང་ཐ་སྙད་དེ་དག་ངོ་སྤྲོད་ཞུ་རྒྱུའི་དམིགས་བསལ་ལས་རིམ་གོ་སྒྲིག་གནང་གལ།
ག༽ བོད་བརྒྱུད་ནང་བསྟན་དང་དེའི་རིན་ཐང་དར་སྤེལ་བརྒྱུད་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས།
༡། རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ལྟ་གྲུབ་དགེ་རྒན་ཚད་ལྡན་གང་མང་གཏོང་ཐབས་གནང་གལ།
༢། དཔལ་འབྱོར་གྱི་མཐུན་རྐྱེན་ཞན་པའི་དགོན་སྡེ་ཁག་ལ་མཐུན་འགྱུར་དང་དགོས་ངེས་ལམ་སྟོན་འབུལ་གལ། ཕྱི་རྒྱལ་དུ་ཡོད་པའི་ཆོས་ཚོགས་ཁག་ལ་བོད་མིའི་སྒྲིག་འཛུགས་ནས་འབྲེལ་ལམ་གོང་འཕེལ་གཏོང་གལ།
༣། དགོན་སྡེ་ཁག་གི་ནང་མི་མང་དཀྱུས་མའི་ཆེད་ཆོས་དང་། ལྟ་གྲུབ། སྒོམ་སྒྲུབ་སོགས་ཀྱི་ཐོག་སློབ་འཁྲིད་གོ་སྐབས་གང་མང་བསྐྲུན་གལ།
༤། དགོན་པ་ཁག་ལ་མཆོད་མཇལ་དང་གནས་གཟིགས་ཕེབས་མཁན་རྣམས་ལ་གནས་བཤད་བྱ་མཁན་ཚད་ལྡན་གོ་སྒྲིག་ཞུ་གལ།
༥། དགོན་པ་ཁག་ཡུལ་ཁྲིམས་དང་མཐུན་པའི་དེབ་སྐྱེལ་ངེས་པར་དགོས་པ་དང་ཚོགས་པའི་ཚོགས་མིའི་ཁོངས་སུ་ཡུལ་མི་མཉམ་བཞུགས་ཡོང་ཐབས་ཞུ་གལ།
༦། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་ཆོས་ཚོགས་ཁག་མཉམ་རུབ་ནས་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་འབྲེལ་བའི་ཐོག་ལས་གཞི་སྤེལ་ཚེ་སྐུ་ཚབ་དོན་གཅོད་དང་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་གནང་གལ།
༧། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་ཚན་རིག་དང་ནང་པའི་ལྟ་གྲུབ་དབར་བགྲོ་གླེང་གནང་བའི་དཔེ་དེབ་ཁག་ཁྱབ་སྤེལ་རྒྱ་གང་ཆེ་གནང་གལ།
༨། དགོན་པ་ཁག་ནས་ཕྱི་རྒྱལ་དུ་ཡོད་པའི་རང་རང་སོ་སོའི་ཆོས་ཚོགས་ཁག་ལ་མཁན་པོ་དང་། ལྟ་གྲུབ་དགེ་རྒན་གཏོང་ཐབས་དགོས་གལ།
༩། བོད་མི་བོད་ཀྱི་ནང་པའི་ལྟ་གྲུབ་དང་། བློ་སྦྱོང་། སྒོམ་སྒྲུབ་སོགས་ལ་དོ་སྣང་བྱེད་མཁན་རྣམས་ཀྱི་ཆེད་དེ་ལྟའི་བསླབ་གཞི་རྩ་འཛིན་ཚད་ལྡན་ཞིག་བཟོ་གལ་དང་དེ་དག་སློབ་མཁན་དགེ་རྒན་ཚད་ལྡན་དགོས་གལ། བསླབ་གཞི་དེ་དག་ཆོས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག་རྒྱ་གར་ནང་ལས་གཞི་ལག་བསྟར་གནང་ གལ།
༡༠། ཆོས་རིག་ལས་ཁུངས་ནས་ལོ་རྩ་བ་གང་མང་གསོ་སྐྱོང་གནང་སྟེ་མ་འོངས་པར་ལོ་རྩ་བའི་དཀའ་ངལ་མེད་པ་བཟོ་གལ།
༡༡། གཞིས་ཆགས་ཁག་གི་ཞབས་རིམ་ཚོགས་ཡུལ་མ་ཎི་ལྷ་ཁང་དུ་ཞབས་རིམ་གསོག་སྒྲུབ་དང་སྦྲགས། ནང་ཆོས་དང་། ནང་པའི་ལྟ་གྲུབ་ངོ་སྤྲོད་ཞུ་རྒྱུའི་ལས་རིམ་གོ་སྒྲིག་ཞུ་གལ།
༡༢། དེང་དུས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ནང་ནང་ཆོས་དར་སྤེལ་སླད་དགེ་བཤེས་དང་། མཁན་པོ། བཙུན་མ་བཅས་ལ་དམིགས་བསལ་ཟབ་སྦྱོང་སྤྲོད་གལ།
ང༽ འགྲེམས་སྟོན་ཁང་དང་རིག་གཞུང་ལྟེ་གནས་ཁང་ཁག་བརྒྱུད་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས།
༡། ད་ཡོད་བོད་ཀྱི་འགྲེམས་སྟོན་ཁང་དང་རིག་གཞུང་ལྟེ་གནས་ཁང་ཁག་མུ་མཐུད་རྒྱུན་གནས་དང་སྲུང་སྐྱོབ་སླད་ཁྱད་ལས་ཚོགས་ཆུང་ཟུར་འཛུགས་ཀྱིས་ལམ་སྟོན་གཏན་འབེབས་དང་། མཁས་པའི་ཚོགས་ཆུང་ཞིག་ལམ་སྟོན་ཞུ་ཡུལ་བསྐོ་གཞག་གནང་ནས་ཚོགས་མིར་མཚན་དོད་འབུལ་གལ།
༢། ཚོགས་ཆུང་དེས་སློབ་གྲྭ་དང་ལྟེ་གནས་ཁང་ཁག་ལ་འབྲེལ་བ་བགྱིས་ཏེ་བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་བསྐོང་རྒྱུར་རོགས་སྐྱོར་དང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བརྙན་ཐུང་དང་དུས་དེབ་ཁག་གསར་བསྐྲུན་ཞུ་རྒྱུར་རམ་འདེགས་ཞུ་ཐུབ་པ་དགོས་གལ།
༣། རིག་གཞུང་ལྟེ་གནས་ཁང་ཁག་ནས་རིག་གཞུང་འཁྲབ་སྟོན་ཙམ་མ་ཡིན་པར་དེ་དག་གི་རྒྱབ་ལྗོངས་དང་འབྱུང་ཁུངས་སོགས་ཀྱི་ཐོག་ཉམས་ཞིབ་ཚད་ལྡན་ཞུ་གལ། རིག་གཞུང་ལྟེ་གནས་ཁང་ཁག་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་མེད་ལ་མ་ལྟོས་པར་དཔར་འབྱོར་གྱི་མཐུན་འགྱུར་སྤྱི་མཚུངས་གནང་གལ།
༤། བོད་ཀྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་རིག་གཞུང་མུ་མཐུད་ཉམས་ཆགས་སུ་འགྲོ་བཞིན་ཡོད་པར།
དགོན་སྡེ་དང་སློབ་གྲྭ་ཁག་གི་ནང་རིག་གཞུང་ཁོ་ནའི་ཆེད་འཛིན་གྲྭ་ལོགས་སུ་འཛུགས་རྒྱུ། དེ་ཡང་ཆོས་རིག་ལས་ཁུངས་བརྒྱུད་ལས་གཞི་ལག་བསྟར་གནང་གལ།
༥། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་རིག་གཞུང་ལྟེ་གནས་ཁང་ཁག་ནང་རིག་གཞུང་དགེ་རྒན་ཚད་ལྡན་བསྐོ་གཞག་དང་ཕོགས་དང་མཐུན་རྐྱེན་སོགས་ཚད་ལྡན་སྤྲོད་གལ། དེ་དག་གི་ནང་ཡོད་སློབ་ཕྲུག་རྣམས་ལ་རིག་གཞུང་ཐོག་དོ་སྣང་སླེབས་ཆེད་ཟླ་རེར་འཚོ་སྣོན་དང་རིག་གཞུང་དང་འབྲེལ་བའི་སྒྱུ་རྩལ་བར་ཕྱག་འཁྱེར་སྤྲོད་གལ།
༦། ད་ཡོད་འགྲེམས་སྟོན་ཁང་དང་རིག་གཞུང་ལྟེ་གནས་ཁང་ཁག་མ་འོངས་ཡོང་རྒྱུ་བསྡད་པའི་མི་རབས་ཆེད་བདག་ཉར་ཞུ་གལ།
༧། དུས་ནས་དུས་སུ་སྙན་ངག་དང་། གཞས་སྣ། དེ་བཞིན་རིག་གཞུང་འཁྲབ་སྟོན་གོ་སྒྲིག་ཞུ་གལ།
༨། བོད་མིའི་སྒྲིག་འཛུགས་ནས་རིག་གཞུང་སྒྱུ་རྩལ་བ་གསོ་སྐྱོང་མ་ཟད་ལས་ཀའི་གོ་སྐབས་ཡང་བསྐྲུན་དགོས།
༩། ཁེ་ན་ཌའི་ནང་བོད་མིའི་སྒྲིག་འཛུགས་དང་བོད་རིགས་ཚོགས་པ་མཉམ་སྦྲེལ་གྱིས་འགྲེམས་སྟོན་ཁང་གསར་འཛུགས་གནང་གལ། འགྲེམས་སྟོན་ཁང་དེའི་ནང་ནང་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་ཀྱི་སྡེ་ཚན་ཚང་དགོས། མ་ཟད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་གཟའ་སྐར་གྱི་ཤེས་བྱ་སོགས་ཀྱི་སྡེ་ཚན་ཡང་ཚང་དགོས། སྡེ་ཚན་དེ་དག་མི་མང་ནས་ཐད་ཀར་གཟིགས་ཐུབ་པའི་མཐུན་རྐྱེན་བསྐྲུན་གལ།
༡༠། བོད་ཀྱི་སྒྱུ་རྩལ་བ་དང་འཁྲབ་སྟོན་པར་ཆེ་མཐོང་མཚོན་ཆེད་བོད་ཀྱི་སྒྱུ་རྩལ་ཉིན་མོ་སྲུང་བརྩི་གནང་གལ།
ཅ༽ སྒྱུ་རྩལ་ལ་བརྟེན་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས།
༡། ད་ཡོད་དཔེ་མཛོད་ཁང་དང་། འགྲེམས་སྟོན་ཁང་། ཡིག་མཛོད་ཁང་བཅས་ཡར་རྒྱས་གཏོང་གལ།
༢། བོད་པའི་སྤྱི་ཚོགས་ནང་ཡི་གེ་ཀློག་རྒྱུའི་ཐོག་གོམ་གཤིས་འཇགས་ཐབས་ཐོག་འབད་བརྩོན་གནང་གལ།
༣། ཕྱི་ལོ་ ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་དང་ཕྱི་ལོ ༢༠༡༠ ལོར་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་ཞུ་གལ།
༤། བོད་མིའི་སྒྲིག་འཛུགས་ཀྱི་གསང་རྒྱ་དགོས་པའི་ཡིག་ཆ་རིགས་ཕུད་དེ་མིན་ཡིག་ཆ་ཁག་ལ་མི་མང་ནས་ལྟ་ཀློག་ཐུབ་པ་བཟོ་གལ།
༥། བོད་མིའི་སྒྲིག་འཛུགས་ནས་འགྲེམས་སྟོན་ཁང་ཁག་དང་ཡིག་མཛོད་ཁང་ཁག་ལ་དགོས་མཁོར་གཞིགས་པའི་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་གལ།
༦། འགྲེམས་སྟོན་ཁང་ཁག་གི་ནང་འགྲེམས་སྟོན་ཁྱད་ལས་ལས་བྱེད་བཀོད་སྒྲིག་དང་རྒྱལ་སྤྱིའི་འགྲེམས་སྟོན་ཁང་ཚད་ལྡན་ཁག་ནས་འགྲེམས་སྟོན་ཞུ་ཕྱོགས་ཐོག་ལེགས་བྱ་ལེན་གལ།
༧། བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ནང་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སྒྱུ་རྩལ་སོགས་ཀྱི་བརྗོད་གཞི་འདྲ་མིན་གྱི་སྡེ་ཚན་ཁག་གཤོང་པའི་ས་ཁྱོན་ངེས་པར་དགོས་གལ།
༨། བོད་རིགས་གཞོན་སྐྱེས་རྣམས་བོད་ཀྱི་སྒྱུ་རྩལ་དང་ནང་ཆོས་མཉམ་གོམས་འདྲིས་དམ་ཟབ་ཡོང་ཆེད་དགོན་སྡེ་ཁག་གི་ནང་ནང་ཆོས་སློབ་སྦྱོང་བྱེད་རྒྱུར་གོ་སྐབས་བསྐྲུན་དགོས། དེ་འབྲེལ་སློབ་སྦྱོང་སྐབས་སློབ་ཡོན་གྱི་མཐུན་འགྱུར་སྦྱོར་གལ།
༩། བོད་ཀྱི་སྒྱུ་རྩལ་རིག་གནས་མུ་མཐུད་ཉམས་ཆགས་སུ་འགྲོ་བཞིན་པར། ད་ཡོད་ཁྱད་ལས་སྒྱུ་རྩལ་བར་མཐུན་འགྱུར་སྦྱོར་རྒྱུའི་ཐབས་ལམ་འཚོལ་གལ། ད་ཡོད་སྒྱུ་རྩལ་རིག་གནས་ཁག་སྲུང་སྐྱོབ་སླད་བོད་མིའི་སྒྲིག་འཛུགས་ནས་སྒྱུ་རྩལ་ལྟེ་གནས་ཁང་ཞིག་གསར་འཛུགས་གནང་གལ།
༡༠། ད་ཡོད་འགྲེམས་སྟོན་ཁང་ཁག་དང་རིག་གཞུང་ལྟེ་གནས་ཁང་ཁག་ལ་མུ་མཐུད་རྒྱབ་སྐྱོར་དང་ལས་གཞི་དར་སྤེལ་སླད་རིག་གཞུང་སློབ་སྟོན་ཚོགས་ཆུང་ནས་སློབ་སྟོན་གནང་གལ། ད་ཡོད་ལྟེ་གནས་ཁང་དེ་དག་ནི། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། བོད་ཀྱི་ཟློས་གར་ཚོགས་པ། ལྡི་ལི་བོད་ཁང་། བོད་ཀྱི་དཔེ་མཛོད་ཁང་། ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་ཀྱི་སྨན་རྩིས་ཁང་། མན་ཇུ་ཤྲི་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་བཅས་ཡིན།
བརྗོད་གཞི་གཉིས་པ། བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སྐོར།
རྒྱབ་ལྗོངས།
རྒྱ་གཞུང་གིས་བོད་བཙན་བཟུང་བྱས་རྗེས། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་བོད་མི་སྟོང་ཕྲག་བརྒྱད་ཅུ་ཙམ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ཀྱི་རྩ་དོན་སྤྱི་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཕུགས་རྒྱང་རིང་པོའི་མདུན་ལམ་ཆེད། ༸གོང་ས་མཆོག་ནས་ཤེས་ཡོན་ནི་མི་རིགས་ཤིག་འཚོ་ཐུབ་མིན་གྱི་རྩ་བ་ཡིན་པ་དགོངས་བཞེས་ཀྱིས། སྤུས་ཚད་ལྡན་པའི་དེང་རབས་ཀྱི་ཤེས་ཡོན་མཁོ་སྤྲོད་དང་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་ཆེད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་ས་གནས་སུ་བཙུགས། སྐབས་དེར་སློབ་མ་ ༥༠ ཙམ་དང་དགེ་རྒན་ཉུང་ཤས་ལས་མེད།
འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ཙམ་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་སྤྲོད་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སློབ་གྲྭའི་གྲངས་འབོར་མང་དུ་ཕྱིན་པ་ཙམ་མིན་པར། སློབ་གྲྭ་ཁག་གི་འཛུགས་བསྐྲུན་གྱི་མཐུན་རྐྱེན་དང་བསླབ་གཞི་རྩ་འཛིན་སོགས་ཀྱང་ཡར་རྒྱས་ཆེན་པོ་ཕྱིན་ཡོད། དེང་སྐབས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ཁག་འཛིན་སྐྱོང་གནང་མཁན་ཚོགས་སྡེ་ལྔ་ཡོད་པ་ནི། སམ་བྷོ་ཊ་བོད་སློབ་ཚོགས་པ་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ། དབུས་བོད་སློབ་འཛིན་ཚོགས། བལ་ཡུལ་ནང་ཡོད་པའི་གངས་ཅན་བདེ་རྩ་བཅས་ཡིན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ འཁོད་ཞིབ་འཇུག་སྙན་ཐོ་ལྟར་ན། རྒྱ་གར་དང་བལ་ཡུལ་ནང་ཤེས་རིག་ལས་ཁུངས་ཁྱབ་ཁོངས་སུ་སློབ་གྲྭ་ ༦༧ ཡོད་པ་དང་། དེ་དག་ནང་ཁྱོན་སློབ་ཕྲུག་ ༡༩༠༢༡ དང་། དགེ་རྒན་ ༡༤༦༧ དང་འཛིན་སྐྱོང་ལས་བྱེད་གྲངས་ ༥༣༥ བཅས་གསལ་ཡོད།
ཕྱི་ལོ་ ༢༠༡༠ ལོར་བོད་མིའི་སྒྲིག་འཛུགས་ནས་བཏོན་པའི་མི་འབོར་ཞིབ་བཤེར་སྙན་ཐོ་ལྟར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡིག་རྨོངས་སེལ་བའི་བརྒྱ་ཆ་ཟིན་ཚད་ ༨༢༌༤ ཡིན།༼གནས་ཡུལ་རྒྱ་གར་གྱི་ཡིག་རྨོངས་སེལ་བའི་བརྒྱ་ཆ་ཟིན་ཚད་ ༧༤ ཡིན།༽ དཀའ་ངལ་ཧ་ཅང་ཆེ་བའི་གནས་སྟངས་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་སྤྲོད་འགོ་བརྩམས་ཤིང་རྒྱུན་འཁྱོངས་བྱེད་ནས་མི་ལོ་ཧྲིལ་པོ་ ༦༠ ཙམ་ཕྱིན་ཡོད། འདི་ཡིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནས་ཤེས་ཡོན་ཐོག་སྐུ་ངལ་སྐྱོན་པའི་གྲུབ་འབྲས་ལ་ངོས་འཛིན་ཞུ་ཆོག ལོ་ལྟར་བོད་མིའི་སློབ་གྲྭ་ཁག་ནས་སློབ་ཕྲུག་གྲངས་ ༡༢༠༠ ཙམ་སློབ་མཐར་སོན་གྱི་ཡོད། འདས་པའི་ལོ་བཅུའི་རིང་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་འཕྲོད་དེ་སློབ་མཐར་ཕྱིན་པའི་བརྒྱ་ཆའི་ཟིན་ཚད་ ༩༠ ཡིན་པ་དང་། དེ་ནི་གནས་ཡུལ་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་ལས་ཚད་མཐོ་བ་ཆགས་ཡོད།
གཞི་རིམ་ཤེས་ཡོན་ཙམ་མིན་པར་ཤེས་རིག་ལས་ཁུངས་ངོས་ནས་བོད་མིའི་སློབ་ཕྲུག་ཚོར་མཐོ་རིམ་ཤེས་ཡོན་སྤྲོད་རྒྱུར་ཡང་ཤུགས་སྣོན་བརྒྱབ་བཞིན་ཡོད། ལོ་ལྟར་གཞི་རིམ་དང་མཐོ་རིམ་སློབ་ཐོན་སློབ་མ་གྲངས་ ༥༠༠ བརྒལ་བར་སློབ་ཐོན་བརྒྱ་ཆ་དང་དགོས་མཁོ་གཉིས་གཞིར་བཞག་ཐོག་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་མཐུན་རྐྱེན་འོག་ནས་མཐོ་སློབ་འདྲ་མིན་ནང་རང་གི་ཆེད་ལས་ཐོག་སློབ་སྦྱོང་རྒྱུན་སྐྱོང་ཐུབ་པ་ཡོང་བཞིན་ཡོད། ལོ་རེ་བཞིན་ཤེས་རིག་སློབ་ཡོན་ལས་འཆར་ཚན་པ་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ་གསུམ་གྱིས་མཉམ་དུ་འཛིན་རིམ་བཅུ་གཉིས་སློབ་མཐར་སོན་མཁན་སློབ་མ་བརྒྱ་ཆ་ ༥༥ ལ་མཐོ་སློབ་འགྲིམས་རྒྱུར་སློབ་ཡོན་གྱི་མཐུན་འགྱུར་སྦྱོར་བཞིན་ཡོད། འཛིན་རིམ་ ༡༢ སློབ་མཐར་སོན་པའི་ཁོངས་ནས་སློབ་ཕྲུག་བརྒྱ་ཆ་ ༡༢ ཙམ་གྱིས་རང་ངོས་ནས་དཔལ་འབྱོར་ཐབས་འཚོལ་གྱིས་མུ་མཐུད་སློབ་གཉེར་བྱེད་བཞིན་ཡོད། རྒྱ་གར་གཞུང་ནས་བོད་ཕྲུག་གི་ཤེས་ཡོན་ཐོག་ལ་རྒྱུན་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་དགོས་པ་ཆགས་ཀྱི་ཡོད།
ཚོགས་བཅར་བ་ནས་དགོངས་འཆར།
ཀ༽ སྤུས་ཚད་ལྡན་པའི་ཤེས་ཡོན་གྱི་གནད་དོན།
༡། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་དོན་ལྟར་དགེ་རྒན་གྱི་གསོལ་ཕོགས་དང་ཁེ་ཕན་ཐོག་དགོངས་བཞེས་གནང་གལ།
༢། སློབ་འཁྲིད་སྐབས་ཆེད་ལས་ཀྱི་ནུས་ཚད་དང་འཇོན་ཐང་གོང་འཕེལ་གཏོང་སླད་ཤེས་ཡོན་སྲིད་བྱུས་ནང་གསལ་སློབ་དགེ་རྣམས་ལ་སློབ་འཁྲིད་ཆོག་མཆན་གཏན་འབེབས་གནང་གལ།
༣། དགེ་ལས་རྣམས་ཀྱི་ལས་འབོར་ལ་ཞིབ་འཇུག་གིས་ཁྱད་ལས་པའི་ཤེས་ཡོན་དང་སྒྱུ་རྩལ་ཡར་རྒྱས་གཏོང་ཆེད་ལས་འབོར་ཉུང་འཕྲི་དང་འབྲེལ་དགེ་རྒན་ཚད་ལྡན་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་གལ།
༤། ལས་རྒྱུན་རིང་ཟབ་སྦྱོང་གནང་བ་ཁག་ནུས་པ་ཚད་ལྡན་ཐོན་སླད་མུ་མཐུད་མཇུག་སྐྱོང་དང་བསྐྱར་ཞིབ་གནང་གལ། རང་ཉིད་རང་ལ་ཞིབ་འཇུག་བསྐྱར་ཞིབ་ཞུ་རྒྱུའི་ལས་རིམ་སློབ་གྲྭ་ཁག་ཡོངས་རྫོགས་ལ་ལག་བསྟར་ཞུ་གལ། དགེ་རྒན་རྣམས་ཀྱི་ཤེས་ཚད་དང་སློབ་འཁྲིད་བྱེད་ཕྱོགས་ཞིབ་འཇུག་བསྐྱར་ཞིབ་ཞུ་རྒྱུར་འདྲི་ཤོག་གཏན་འབེབས་དགོས་པ་དང་བསྐྱར་ཞིབ་གནང་མཁན་ཁྱད་ལས་ཡིན་དགོས། བསྐྱར་ཞིབ་ཞུ་རྒྱུའི་དམིགས་ཡུལ་ནི་དགེ་རྒན་གྱི་ཁྱོན་ཡོངས་ཀྱི་ཤེས་ཚད་གནས་སྟངས་ཡར་རྒྱས་དང་སེམས་ཤུགས་སྤེལ་སླད་ཡིན་དགོས།
༥། བོད་ཀྱི་སྐད་ཡིག་དང་ཤེས་ཡོན་སྲ་བརྟན་ཡོང་སླད་སློབ་གྲྭ་ཐོན་རྗེས་ཏཱ་ལའི་བླ་མ་མཐོ་སློབ་ནང་འཛུལ་བཞུགས་དགོས་པའི་བསྐུལ་མ་གཏོང་དགོས།
༦། སློབ་དགེ་ཚོར་རང་ཉིད་ཀྱི་ཤེས་ཚད་དང་སློབ་འཁྲིད་བྱེད་ཕྱོགས་ཡར་རྒྱས་གཏོང་སླད་ལག་བསྟར་ཞིབ་འཇུག་བྱེད་རྒྱུའི་གོ་སྐབས་བསྐྲུན་གལ།
༧། རིག་ལམ་སློབ་འཁྲིད་སྲ་བརྟན་བཟོ་དགོས་པ་དང་འབྲེལ་སློབ་ཚན་གཞན་མཉམ་ཟུང་འབྲེལ་གྱི་ཐོག་ནས་སློབ་འཁྲིད་གནང་གལ།
༨། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་གཟའ་མཇུག་སློབ་གྲྭའི་ནང་མཉམ་ཞུགས་གནང་མཁན་ཚོར་བོད་ཡིག་སློབ་འཁྲིད་གནང་མཁན་དགེ་རྒན་ཚད་ལྡན་འདེམས་སྒྲུག་གནང་གལ།
༩། དགེ་རྒན་རྣམས་ཀྱི་སློབ་འཁྲིད་ནུས་ཚད་ཡར་རྒྱས་གཏོང་རྒྱུ་དང་། ཕན་ཚུན་བརྗེ་ལེན། དེ་བཞིན་ཟབ་སྦྱོང་སོགས་ཀྱི་གོ་སྐབས། དམིགས་བསལ་གྱི་སྔོན་འགྲོ་དང་སྔོན་འགྲོ་འོག་མ་ཚགས་ཆུད་ཆེད་ད་ཡོད་མཐུན་རྐྱེན་དང་ལས་རིམ་སྲ་བརྟན་བཟོ་གལ།
༡༠། ཤེས་རིག་ལས་ཁུངས་ཁྱབ་ཁོངས་བོད་པའི་སློབ་གྲྭའི་ལས་བྱེད་ཡོངས་རྫོགས་ཀྱི་གསོལ་ཕོགས་གཅིག་མཚུངས་བཟོ་གལ།
༡༡། སྔོན་འགྲོ་དང་སྔོན་འགྲོ་གོང་མའི་དགེ་རྒན་རྣམས་འཛིན་རིམ་ ༡༢ ཐོན་རྗེས་ཉུང་མཐར་མཐོ་སློབ་ཀྱི་སློབ་སྦྱོང་ལོ་བཞི་ཐོན་པ་དགོས་གལ།
༡༢། སློབ་དགེ་དང་། སློབ་གྲྭའི་འགན་འཛིན་བཀོད་སྒྲིག་སླད་ཚོགས་ཆུང་ཟུར་འཛུགས་གནང་གལ།
༡༣། དགེ་ལས་རྣམས་ཀྱི་ཆེད་ལས་པའི་ལས་རིགས་གོང་འཕེལ་གསོ་སྐྱོང་སླད་ལས་བྱེད་དེ་དག་གིས་རང་ཉིད་ཀྱི་མི་ཚེའི་ནང་བུ་ཕྲུག་གི་ཤེས་ཡོན་ལ་བྱས་རྗེས་བཞག་པར་ངོས་འཛིན་མཚོན་ཆེད་ཐུགས་རྗེ་ལེགས་གསོལ་འབུལ་གལ། ཞབས་ལོ་ཉེར་ལྔ་ལོན་པའི་སློབ་དགེ་རྣམས་ལ་ཆེ་མཐོང་འབུལ་རྒྱུར་ངྷ་སར་ལས་རིམ་གོ་སྒྲིག་ཞུ་གལ།
༡༤། ཤེས་ཡོན་ལྷན་ཚོགས་རང་སྐྱོང་སྡེ་ཚན་བཟོ་དགོས་པ་དང་། ཤེས་རིག་ལས་ཁུངས་དང་། འཛིན་སྐྱོང་སྡེ་ཚན་གྱི་ལས་འགན་དང་བྱེད་སྒོ་སྒྲོམ་གཞི་ཁ་གསལ་བཟོ་དགོས། སློབ་གྲྭ་ཁག་ནང་ཁྱད་ལས་མི་སྣ་དང་གཙུག་ལག་སློབ་དཔོན་བསྐོ་གཞག་བྱེད་ན་དགེ་ཚན་ཆེ་བ་མཐོང་།
༡༥། སློབ་དགེ་ཚོར་ཉམས་ཞིབ་སྡེ་ཚན་ནང་དོ་སྣང་བྱེད་རྒྱུའི་བློ་སྟོབས་སྤེལ་དགོས་པ་དང་ཉམས་ཞིབ་གྲུབ་འབྲས་ལ་གཞིགས་པའི་བྱ་དགའ་འབུལ་གལ།
༡༦། གཞི་རིམ་སློབ་གྲྭའི་བོད་དགེ་རྣམས་བོད་ཀྱི་སྐད་ཡིག་ནང་སློབ་འཁྲིད་གོ་འཕེར་དང་ནུས་པ་ཅན་དུ་འགྱུར་ཐབས་སུ་ཉུང་མཐར་བོད་ཡིག་ནང་གཙུག་ལག་རབ་འབྱམས་ཐོན་པ་དགོས་གལ།
༡༧། སློབ་གྲྭའི་ནང་ཕྱོགས་གཅིག་གི་དྲི་བ་དྲིས་ལན་ལས་གྲོས་བསྡུར་དང་བགྲོ་གླེང་གི་ཁོར་ཡུག་བསྐྲུན་རྒྱུར་འབད་བརྩོན་དགོས་གལ།
༡༨། སློབ་གྲྭའི་དབུ་འཛིན་དང་སློབ་དགེ་རྣམས་ལ་སློབ་ཕྲུག་ལ་དམིགས་པའི་སྦྱོང་བརྡར་སྤྲོད་གལ།
༡༩། ཆུང་དུས་ནས་སློབ་ཕྲུག་རྣམས་ཀྱི་སེམས་ཀྱི་འཚར་ལོངས་དང་བློ་སེམས་འཕེལ་རྒྱུར་ཉིན་སློབ་ཁག་གི་འཛིན་གྲྭའི་བརྒྱུད་རིམ་ནང་སྤྲོ་སྣང་ལྡན་པའི་ཁོར་ཡུག་བསྐྲུན་གལ།
༢༠། ཤེས་རིག་ལས་ཁུངས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མཉམ་རུབ་ཀྱིས་སྤྱི་ཚོགས་ནང་ཤེས་ཡོན་དང་འབྲེལ་བའི་གནས་ཚད་ཐོག་ཞིབ་འཇུག་གིས་གྲངས་ཐོ་བསྡུ་རུབ་གནང་དགོས།
༢༡། ཡིག་རྒྱུགས་སྐབས་གོ་རིམ་ལམ་ལུགས་སྒོ་ནས་ཨང་ཐོབ་སྤྲོད་རྒྱུར་སེམས་ཤུགས་སྤར་དགོས།
ཁ༽ སློབ་གྲྭར་འགོ་འཁྲིད་ཀྱི་ནུས་པ་ཡར་རྒྱས་གཏོང་དགོས་པ།
༡། ད་ཡོད་སློབ་གྲྭའི་འགན་འཛིན་རྣམས་གསར་འཇུག་སྐབས་ཀྱི་བརྒྱུད་རིམ་ཕན་ནུས་ལྡན་པ་ཞིག་ཡོད་མེད་བསྐྱར་ཞིབ་གནང་དགོས། མ་འོངས་པར་སློབ་གྲྭའི་འགན་འཛིན་རྣམས་ནུས་པ་ཚད་ལྡན་ཡོང་བར་གསར་འདེམས་བྱེད་ཕྱོགས་ཀྱི་ལམ་སྟོན་གཏན་འབེབས་ཞུ་གལ།
༢། སློབ་གྲྭའི་འགན་འཛིན་གསར་འདེམས་སྐབས་རྒྱབ་ལྗོངས་ཀྱི་ཤེས་ཚད་གཙུག་ལག་སློབ་དཔོན་ཐོན་པ་དང་དགོས་ངེས་སྦྱོང་བརྡར་ཐོན་པ་རྣམས་གཙོ་བོར་བཟུང་གལ།
༣། སློབ་གྲྭ་ཁག་ཡར་རྒྱས་ཚགས་ཚུད་ཡོང་སླད་སློབ་གྲྭ་སོ་སོའི་འགན་འཛིན་རྣམས་ལ་དབང་ཆ་ཆ་བགོས་ཀྱིས་རང་སྐྱོང་ནུས་པ་སྤེལ་གལ།
༤། སློབ་དགེ་རྣམས་ཀྱི་སློབ་འཁྲིད་ནུས་པ་གོང་མཐོར་གཏོང་རྒྱུར་སློབ་གྲྭ་ཁག་ནས་སྐུ་ཚབ་རེ་ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་དེ་འབྲེལ་ལམ་སྟོན་གཏན་འབེབས་གནང་གལ།
༥། སློབ་གྲྭའི་འགན་འཛིན་རྣམས་ལ་དགུན་ཁའི་གུང་སེང་དང་སྟབས་བསྟུན་བདུན་གཅིག་ཡང་ན་ཟླ་གཅིག་དུས་ཐུང་གི་ཟབ་སྦྱོང་གོ་སྒྲིག་ཞུ་གལ།
༦། དགེ་རྒན་འགོ་འཁྲིད་ཀྱི་ནུས་པ་ཡོད་མཁན་རྣམས་ངོས་འཛིན་གྱིས་གསོ་སྐྱོང་ཞུ་གལ།
༧། སློབ་གྲྭའི་འགན་འཛིན་རྣམས་ལོ་གསུམ་རེ་མཚམས་གནས་སྤོ་གནང་གལ།
༨། སློབ་གྲྭའི་འགན་འཛིན་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་བསྐྱར་ཞིབ་ཞུ་རྒྱུའི་བརྒྱུད་རིམ་གཏན་འབེབས་ཞུ་གལ།
༩། སློབ་གྲྭ་ཁག་གི་ནང་དབུ་འཁྲིད་དམ་འགོ་འཁྲིད་ཀྱི་ནུས་པ་གོང་འཕེལ་གཏོང་རྒྱུ་དང་འབྲེལ་བའི་ལས་འཆར་ལག་བསྟར་ཞུ་གལ།
༡༠། ལས་བྱེད་མ་འདང་བའི་དཀའ་ངལ་སེལ་སླད་སློབ་གྲྭ་ཕན་ཚན་དབར་ཞབས་གཡར་གཏོང་རྒྱུར་ལས་གཞི་འགོ་འཛུགས་དགོས་གལ།
ག༽ སྤྱི་ཚོགས་དང་མི་འབོར་ལ་འཕྲད་པའི་དཀའ་ངལ་གྱིས་ཤེས་ཡོན་ལ་ཐེབས་པའི་ཤུགས་རྐྱེན།
༡། ད་ཡོད་མཐུན་རྐྱེན་རྣམས་བེད་སྤྱོད་ཚུལ་བཞིན་ཡོང་སླད་སློབ་གྲྭ་ཟླ་སྒྲིལ་གྱིས་མི་འབོར་ལ་དཔགས་པའི་དགོས་མཁོ་དང་ལས་འཆར་སྤེལ་གལ།
༢། སློབ་གྲྭ་ཁག་ཟླ་སྒྲིལ་ཞུ་ཕྱོགས་ཐོག་ཚོགས་ཆུང་ཟུར་འཛུགས་ཀྱིས་འཆར་གཞི་ཚད་ལྡན་བཟོ་འབུལ་དགོས་གལ།
༣། མ་འོངས་སློབ་ཕྲུག་རྣམས་ཀྱི་མདུན་ལམ་ཆེད་རང་སྐྱོང་སྡེ་ཚན་སློབ་གྲྭ་ཁག་མཉམ་འབྲེལ་ཐོག་རྒྱུན་འཁྱོངས་ཐུབ་པའི་འཆར་གཞི་ཚད་ལྡན་བཟོ་གལ། སློབ་གྲྭ་ཟླ་སྒྲིལ་གྱིས་བོད་ཡིག་སྦྱོང་ས་དམིགས་སུ་བཀར་ནས་སློབ་གྲྭ་ཞིག་གསར་འཛུགས་གནང་གལ།
༤། དམིགས་ཡུལ་མི་འདྲ་བ་ཡོད་པའི་བོད་ཕྲུག་དང་ཧི་མ་ལ་ཡེ་སློབ་ཕྲུག་རྣམས་ལ་སློབ་གྲྭ་ལོགས་སུ་དགོས་གལ།
༥། རྒྱ་གར་གྱི་སྒེར་གྱི་སློབ་གྲྭ་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་བཞིན་པའི་སློབ་མ་རྣམས་ཚུར་འགུག་ཐབས་སུ་ད་ཡོད་སློབ་གྲྭ་ཁག་ཅིག་སྒེར་བདག་ཅན་དུ་བསྒྱུར་གལ།
༦། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་དང་སྲ་བརྟན་སླད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་གཟའ་མཇུག་སློབ་གྲྭ་ཁག་ལ་མཐུན་འགྱུར་ཞུ་རྒྱུའི་ཐབས་ལམ་འཚོལ་གལ།
༧། གཟའ་མཇུག་སློབ་གྲྭ་དེ་དག་གི་ཆེད་སློབ་ཚན་གཏན་འབེབས་དང་འབྲེལ་ལག་བསྟར་གནང་གལ།
༨། ཨ་རི་དང་ཁེ་ན་ཌའི་གྲོས་ཚོགས་གོང་འོག་གཙོས་པའི་གཞུང་གི་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་མཐོ་སློབ་ཁག་ནང་བོད་ཀྱི་སྐད་ཡིག་ཕྱི་རྒྱལ་སྐད་ཡིག་སློབ་ཚན་ཁོངས་འདེམས་རྒྱུ་ཡོད་པ་བཟོ་རྒྱུར་འབད་བརྩོན་ཞུ་གལ།
ང༽ གཞི་རིམ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་དཀའ་ངལ།
༡། ཤེས་ཡོན་ལྷན་ཚོགས་འདི་བཞིན་རང་དབང་ཅན་གྱི་སྡེ་ཚན་དུ་བསྒྱུར་ནས་ལས་ཀའི་ངོ་བོ་དང་ལས་འགན་ཁ་གསལ་དང་། ལས་བྱེད་རྣམས་ཤེས་ཡོན་ཐོག་ཁྱད་ལས་ཀྱི་རྒྱབ་ལྗོངས་ཡོད་པ་བཀོད་སྒྲིག་ཞུ་གལ།
༢། ཤེས་ཡོན་སྲིད་བྱུས་ཀྱི་ད་ལྟའི་གནས་བབས་ཐོག་བསྐྱར་ཞིབ་ཀྱིས་ལག་བསྟར་ཐུབ་པ་དང་། ཡར་རྒྱས་གཏོང་དགོས་ཇི་ཡོད། དེ་བཞིན་བསྐྱར་ཞིབ་ཞུ་དགོས་ཇི་ཡོད་སོགས་ཀྱི་ཐོག་ཞིབ་འཇུག་ཞུ་གལ།
༣། བོད་ཡིག་སློབ་དགེ་རྩེ་ཕུད་ཁག་ཅིག་ངོས་འཛིན་གྱིས་སློབ་དགེ་དེ་དག་ནས་སློབ་གྲྭ་ཁག་ནང་བོད་ཡིག་ལེགས་བཅོས་དང་ཕན་ནུས་ལྡན་པ་བཟོ་ཕྱོགས་ཐོག་གོ་རྟོགས་སྤེལ་གལ།
༤། སློབ་གྲྭ་ཁག་ནང་འགྲིམས་བཞིན་པའི་སློབ་ཕྲུག་རྣམས་ལ་ཀློག་འདོན་བྱ་རྒྱུ་དེབ་གང་མང་མཁོ་འདོན་དང་། སློབ་ཕྲུག་གི་དགོས་མཁོ་ལ་དཔགས་པའི་སློབ་དེབ་བཟོ་གལ།
༥། དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱད་ནས་སློབ་འཁྲིད་དང་སྦྱོང་རྒྱུའི་གནས་ཚད་ཡར་རྒྱས་གཏོང་གལ། དཔེར་ན། བོད་ཡིག་བཀོལ་སྤྱོད་འཕྲུལ་ཆས་སོགས་གསར་བསྐྲུན་ཞུ་གལ།
༦། སློབ་གྲྭ་ཁག་ནང་མདུན་ལམ་སློབ་སྟོན་པ་འདང་ངེས་དགོས་གལ།
༧། སློབ་འཁྲིད་ནུས་རྩལ་སྤྱི་དང་། ཁྱད་པར་བོད་ཡིག་སློབ་འཁྲིད་ནུས་རྩལ་ཡར་རྒྱས་གཏོང་གལ་མ་ཟད། དེང་དུས་དང་མཐུན་པའི་འཕྲུལ་ཆས་བེད་སྤྱད་ནས་སློབ་ཚན་སྦྱོང་རྒྱུར་སྤྲོ་སྣང་ལྡན་པ་བཟོ་གལ།
ཅ༽ བོད་མིའི་སྤྱི་ཚོགས་ནང་ཆེད་ལས་གསོ་སྐྱོང་བྱེད་ཐབས།
༡། ལས་རིགས་སྦྱོང་བརྡར་ཁང་ཁག་ནས་ཐོན་པ་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་སླད་འབྲེལ་ཡོད་བཟོ་གྲྭ་ཁག་ལ་འབྲེལ་བ་ཞུ་གལ།
༢། ལས་རིགས་སྦྱོང་བརྡར་ཁང་ཁག་གི་སློབ་ཚན་སློབ་འཁྲིད་ཞུ་རྒྱུ་གཞི་རྒྱ་ཆེ་རུ་གཏོང་གལ།
༣། ལས་རིགས་སྦྱོང་བརྡར་ཁག་ནས་ཐོན་པའི་ཁྱད་ལས་པ་རྣམས་སྤྱི་ཚོགས་ནང་དམིགས་དཔེ་སྟོན་ཆེད་ངོ་སྤྲོད་ཀྱི་ལས་རིམ་སྤེལ་གལ།
༤། ཁྱད་ལས་པ་དང་མུ་མཐུད་མཐོ་སློབ་གཉེར་མཁན་རྣམས་ལ་སློབ་ཡོན་ཆེད་སྐྱེད་ཆུང་བུན་གཡར་གཏོང་གལ།
༥། འཛིན་རིམ་བརྒྱད་པ་སླེབས་སྐབས་དང་ཐོན་རྗེས་ལས་རིགས་འདྲ་མིན་ཐོག་གོ་རྟོགས་སྤེལ་ནས་མ་འོངས་པར་གནས་ཚུལ་ཆ་ཚང་རྟོགས་པ་དང་འབྲེལ་མདུན་ལམ་ཐོག་གདེང་ཚོད་ཡོད་པ་བཟོ་གལ།
༦། བོད་ཡིག་དང་འབྲེལ་བའི་སློབ་ཆེན་ཁག་ལ་བསྐྱོད་བཞིན་པའི་སློབ་ཕྲུག་རྣམས་ཀྱི་སློབ་ཡོན་སྤར་ཆ་གནང་གལ།
༧། ད་ལྟའི་སློབ་ཡོན་ལས་གཞིར་བསྐྱར་ཞིབ་ཀྱིས་མ་འོངས་བོད་མི་ཁྱད་ལས་པ་མང་ཙམ་ཐོན་ཐབས་ཞུ་གལ།
༨། ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་རྣམས་ལ་སློབ་ཡོན་ཁག་གི་སྐོར་ལམ་སྟོན་དང་གོ་རྟོགས་སྤེལ་གལ།
༩། སློབ་གྲྭ་ཁག་གི་ནང་མདུན་ལམ་སློབ་སྟོན་པ་མང་དུ་བཏང་ནས་མདུན་ལམ་སྟོན་དང་འབྲེལ་བའི་སློབ་ཚན་གཏན་འབེབས་ཀྱིས་ལག་བསྟར་གནང་གལ།
༡༠། སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་དང་འབྲེལ་བའི་ལས་རིགས་གཉེར་དགོས་པའི་སེམས་ཤུགས་སྤར་གལ།
བརྗོད་གཞི་གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་གནད་དོན།
རྒྱབ་ལྗོངས།
འཕྲོད་བསྟེན་ལས་ཁུངས་ནི་བོད་མིའི་སྒྲིག་འཛུགས་ནང་བློན་ཆེན་ལས་ཁུངས་བདུན་ཡོད་པའི་ནང་གི་གཅིག་ཡིན།
འདི་ནི་བོད་མིའི་དྭང་བླངས་འཕྲོད་བསྟེན་ལྷན་ཚོགས་ཀྱི་མིང་ཐོག་དེབ་བསྐྱེལ་བྱས་ཡོད། འཕྲོད་བསྟེན་བཀའ་བློན་དང་དེའི་འཛིན་སྐྱོང་གིས་བོད་མིའི་འཕྲོད་བསྟེན་ལམ་ལུགས་ཐད་ལམ་སྟོན་དང་དབུ་ཁྲིད་གནང་གི་ཡོད། འཕྲོད་བསྟེན་ལས་ཁུངས་ངོས་ནས་ཐད་ཀར་རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་གྲངས་ ༡༡༠༠༠༠ ཙམ་གྱི་འཕྲོད་བསྟེན་དང་བདེ་སྡུག་ལ་གཟིགས་སྐྱོང་གནང་གི་ཡོད་ལ། སྨན་ཁང་ཆེ་བ་ ༧ དང་། འབྲིང་བ་ ༥། ཆུང་བ་ ༣༨ བཅས་ཁྱོན་བསྡོམས་སྨན་ཁང་ཆེ་ཆུང་གྲངས་ ༥༠ ཙམ་ལ་འཛིན་སྐྱོང་བྱེད་ཀྱི་ཡོད། འཕྲོད་བསྟེན་མཐུན་རྐྱེན་གྱི་ཆ་ནས་སྒོ་བསྟེན་ནད་པར་ལམ་སྟོན་བྱེད་པ་དང་། བྱིས་པ་སྐྱེས་སྐབས་དང་བྱིས་པའི་བདེ་ཐང་ཞབས་ཞུ། གཤག་བཅོས་ཆུང་ཙག ནད་གཞི་བརྟག་དཔྱད། སྨན་ཚོང་ཁང་། སོའི་སྨན་ཁང་། ཕྱི་བཅོས་གསོ་ཐབས། སྨན་བཅོས་ལམ་སྟོན་སོགས་གཞི་རྩའི་འཕྲོད་བསྟེན་ལྟ་སྐྱོང་ཐད་མཐུན་འགྱུར་སྦྱོར་གྱི་ཡོད། སྨན་དང་ཞབས་ཞུ་ཚང་མའི་ཐད་རོགས་རམ་བྱེད་ཀྱི་ཡོད། བཞུགས་སྒར་ངྷ་ས་བདེ་ལེགས་སྨན་ཁང་དང་། སྦེལ་ཀོབ་ཏུ་འཚོ་བྱེད་སྨན་ཁང། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སྨན་ཁང་བཅས་ཀྱི་ངོས་ནས་ཡར་ཐོན་ཅན་གྱི་སྨན་བཅོས་ལག་རྩལ་དང་མཐུན་རྐྱེན་སྦྱར་ནས་ནད་པར་ལྟ་སྐྱོང་བྱེད་ཀྱི་ཡོད། ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་མཐུན་འགྱུར་འོག་ནད་གཞི་ཚབས་ཆེན་རིམ་པ་གསུམ་པར་སླེབས་པའི་རིགས་ལ་སྨན་བཅོས་མཐུན་འགྱུར་སྦྱོར་གྱི་མེད།
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་གཙོ་བོ་ནི་ཊི་བི་ནད་པ་སྟངས་འཛིན་དང་། བྱིས་པ་སྐྱེས་སྐབས་དང་བྱིས་པའི་འཕྲོད་བསྟེན། དར་མའི་འཕྲོད་བསྟེན། སེམས་ཁམས་ཀྱི་འཕྲོད་བསྟེན། སྤྱི་ཚོགས་ཁྱོན་ཡོངས་ལ་སྨན་བཅོས་མཐུན་འགྱུར་གྱི་ལས་གཞི་ཁྱབ་ཐུབ་པ་བྱ་རྒྱུ་བཅས་ཡིན། ཕྱི་ལོ་ ༢༠༡༢ ལོ་ནས་འཕྲོད་བསྟེན་ལས་ཁུངས་ཀྱིས་རྒྱ་གར་ནང་གི་བོད་མི་ཚོར་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་སྤེལ་བ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་ཚད་མཐོ་པོའི་སྨན་བཅོས་མཐུན་འགྱུར་གྱི་ལས་གཞི་འགོ་འཛུགས་ཞུས་ཡོད།
ཚོགས་བཅར་བའི་དགོངས་འཆར།
ཀ༽ བོད་མིའི་སྤྱི་ཚོགས་ནས་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་གདོང་ལེན་བྱེད་བཞིན་པ།
༡། ལོ་ན་རྒན་གྲས་དང་སྦྲུམ་མའི་འཕྲོད་བསྟེན་ལ་དམིགས་ཏེ་འཕྲོད་བསྟེན་ལས་འཆར་སྤེལ་གལ།
༢། ཁྱབ་ཁོངས་འཕྲོད་བསྟེན་སྨན་ཁང་ཁག་གི་ནང་སྦྲུམ་མའི་སྐབས་དང་ཕྲུ་གུ་བཙས་རྗེས་ཀྱི་ལྟ་རྟོགས་མཐུན་རྐྱེན་སྦྱོར་གལ།
༣། ཟས་དང་སྤྱོད་ལམ་དང་འབྲེལ་བའི་ནད་གཞི་ཁག་བརྟག་དཔྱད་མཐུན་རྐྱེན་སྦྱོར་གལ།
༤། ནད་པར་སྟབས་བདེ་ཡོང་སླད་སྨན་པ་ནང་ཁུལ་གོ་བསྡུར་གྱིས་ཕྱི་སྨན་བསྟེན་གཏུགས་རྒྱབ་གཉེར་གནང་གལ།
༥། བོད་མིའི་གཞིས་ཆགས་ཁག་ནང་དེང་དུས་བརྟག་དཔྱད་འཕྲུལ་ཆས་རིགས་ངོ་སྤྲོད་ཀྱིས་སྨན་ཁང་ཁག་ནང་ཡོང་འབབ་མང་དུ་གཏོང་གལ།
༦། རྒས་གསོ་ཁང་གི་ལས་བྱེད་རྣམས་ལ་རྒས་ནད་བཅོས་ཐབས་འཕྲོད་བསྟེན་སྦྱོང་བརྡར་གནང་གལ།
༧། སྤུས་ཚད་ལྡན་པའི་སྤྱི་ཚོགས་འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱོར་རྒྱུའི་འཆར་གཞི་འདིང་གལ།
༨། ཛ་དྲག་མྱུར་སྐྱོབ་དང་། དགོས་ངེས་སྨན། ཡོ་ཆས་སོགས་ཀྱི་མཐུན་རྐྱེན་སྤུས་ཚད་ལྡན་པ་བསྐྲུན་གལ།
ཁ༽ དཔལ་འབྱོར་གྱི་ཆ་ནས་བོད་མིའི་འཕྲོད་བསྟེན་མཐུན་རྐྱེན་སྲ་བརྟན་དང་ཡུན་གནས་ཡོང་ཐབས།
༡། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མིའི་བརྒྱུད་རྒྱལ་སྤྱིའི་རོགས་སྐྱོར་འཚོལ་གལ།
༢། ད་ཡོད་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁོངས་མི་མང་གི་མཉམ་བཞུགས་ཡོང་སླད་ལས་གཞི་སྤེལ་གལ།
༣། སྨན་ཁང་གི་ཡོང་འབབ་ཡར་རྒྱས་གཏོང་རྒྱུའི་སླད་སྨན་གཏུགས་གླ་ཡོན་དང་། དེབ་སྐྱེལ་གླ་ཡོན། དེ་བཞིན་བརྟག་དཔྱད་གླ་ཡོན་སོགས་ཀྱི་ཚད་གཞི་གཏན་འབེབས་གནང་གལ།
༤། ཊི་སྦི་ནད་གཞི་སྔོན་ཚུད་ནས་ངོ་རྟགས་བཟུང་སླད་སློབ་གྲྭ་དང་དགོན་སྡེ་ཁག་ནང་ཊི་སྦི་ནད་གཞི་ཡོད་མེད་བརྟག་དཔྱད་གནང་གལ།
༥། འཕྲོད་བསྟེན་དང་འབྲེལ་བའི་ཚོགས་སྡེ་ཁག་དབར་འབྲེལ་ལམ་དམ་ཟབ་གནང་གལ།
༦། སྨན་ཁང་ཁག་ལ་ཡོང་འབབ་བཟོ་སླད་ཡུལ་མིར་སྨན་བཅོས་མཐུན་རྐྱེན་སྦྱོར་གལ།
༧། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་སྨན་ཁང་ཁག་གི་ནང་ནད་གཞི་བརྟག་དཔྱད་སྡེ་ཚན་ཡར་རྒྱས་གཏོང་གལ།
༨། སྨན་གྱི་ནུས་པ་ཚད་མཉམ་ཡོད་པའི་སྨན་གྱི་ཚོང་པ་ཁག་བརྒྱུད་མི་དགོས་པའི་བཟོ་གྲྭ་རང་ནས་ཐད་ཀར་སྨན་ཉོ་རྒྱུར་འབད་བརྩོན་ཞུ་གལ།
༩། དགོན་སྡེ་གྲྭ་ཚང་ཁག་ནས་འཕྲོད་བསྟེན་ལས་གཞི་དང་འབྲེལ་བའི་ཐོག་རོགས་དངུལ་འབོད་བསྐུལ་ཞུ་གལ།
༡༠། བོད་མི་རང་ཉིད་ནས་གཞན་ཕན་དང་། མཐུན་འགྱུར། རོགས་དངུལ་གནང་གལ།
༡༡། སྨན་ཁང་ཁག་གི་ནང་འབྱོར་ལྡན་ནད་པ་རྣམས་ཀྱི་ཆེད་ཉལ་ཁང་ངམ་ཉལ་ཁྲི་གོ་སྒྲིག་ཞུ་གལ།
༡༢། སྨན་ཁང་ཁག་ནང་བེད་མེད་ས་སྟོང་ལྷག་བསྡད་པ་རྣམས་བེད་སྤྱོད་གནང་གལ། དཔེར་ན། ཟ་ཁང་སོགས་འཛུགས་བསྐྲུན་དང་། སྨན་ཁང་ཟླ་སྒྲིལ་གྱིས་སྤུས་ཚད་ལྡན་པ་བཟོ་གལ།
༡༣། ད་ཡོད་སྨན་རིན་ཐོག་བརྒྱ་ཆ་ ༡༠ ཆག་ཡང་ཡོད་པ་དེ་མེད་པ་བཟོ་གལ།
༡༤། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ནས་རྒྱུན་གནས་ཐུབ་པའི་རོགས་སྐྱོར་གནང་རྒྱུའི་ཐབས་ལམ་འབད་བརྩོན་ཞུ་གལ།
༡༥། བསྐོར་བསྐྱོད་སྨན་ཁང་གསར་འཛུགས་གནང་གལ།
ག༽ བོད་མིའི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞིའི་ནང་མིའི་ནུས་པ་དང་། འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྨན་ཁང་ཁག་ནང་འཕྲོད་བསྟེན་ལྟ་སྐྱོང་དང་ཞབས་ཞུའི་སྤུས་ཚད་ཡར་རྒྱས་གཏོང་ཐད།
༡། གོང་རིམ་ནས་ད་ཡོད་སྨན་ཁང་ཁག་གི་ནང་སྨན་པ་དང་ལས་བྱེད་རྣམས་མུ་མཐུད་གནས་ཐབས་སུ་དེ་དག་གི་སེམས་ཤུགས་སྤར་གལ། དེ་བཞིན་གླ་ཕོགས་ཡང་ཁྲོམ་རའི་འགྲོ་ལུགས་ལྟར་གནང་ཐབས་ཞུ་གལ།
༢། བོད་མིའི་སྒྲིག་འཛུགས་ངོས་ནས་གཞི་རིམ་སྨན་པ་རྣམས་ལ་ཁྱད་ལས་སྨན་པ་དང་གཙུག་ལག་སློབ་གཉེར་མུ་མཐུད་བསྐྱོད་རྒྱུར་ཟུར་བཅད་ས་མིག་འབད་བརྩོན་ཞུ་གལ།
༣། བོད་མིའི་སྒྲིག་འཛུགས་ངོས་ནས་སྒེར་གྱི་སྨན་གྱི་མཐོ་སློབ་ཁག་ལ་འབྲེལ་ལམ་གྱིས་གཞི་རིམ་སྨན་པ་རྣམས་ལ་གོང་རིམ་སློབ་གཉེར་བྱེད་རྒྱུར་ཟུར་བཅད་ས་མིག་བསྐྲུན་ཐབས་གནང་གལ།
༤། སྨན་པ་དང་འབྲེལ་ཡོད་ལས་བྱེད་རྣམས་རང་ཉིད་ནུས་རྩལ་ཡར་རྒྱས་གཏོང་ཆེད་སྦྱོང་བརྡར་དང་། ཚོགས་འདུ། ཟབ་སྦྱོང་། རྒྱལ་ནང་དང་རྒྱལ་སྤྱིའི་ནང་ལ་སྨན་བཅོས་དང་འབྲེལ་བའི་ཟབ་སྦྱོང་དུ་བསྐྱོད་རྒྱུར་མཐུན་འགྱུར་གནང་གལ།
༥། ཆོད་གན་ལས་བྱེད་རྣམས་གཏན་འཇགས་ལས་བྱེད་དུ་བསྒྱུར་རྒྱུ་དང་གུན་གསབ་དང་གཞན་མཐུན་རྐྱེན་ཁག་ཡར་རྒྱས་གཏོང་གལ།
༦། སྨན་པ་གསར་ཐོན་རྣམས་ལ་ཟབ་སྦྱོང་དང་ཉམས་མྱོང་གསོག་སླད་སྨན་པ་གསར་དུ་ཞབས་ཞུ་གནང་མཁན་རྣམས་ལ་ལས་ཡུན་སྐབས་སྦྱོང་བརྡར་སྤྲོད་གལ།
༧། འཕྲོད་བསྟེན་ལས་ཁུངས་སུ་འཕྲོད་བསྟེན་ལས་དོན་ཚོགས་ཆུང་དགོས་པ་དང་། མི་མང་ནས་ཐད་ཀར་ཞལ་པར་དང་། བསམ་ཚུལ་བསྡུ་ལེན། ལས་གཞི་ཁག་ལ་དཔྱད་ཞིབ་ཞུ་རྒྱུ་སོགས་ཀྱི་མཐུན་རྐྱེན་དགོས་རྒྱུ། དེ་བཞིན་གཞི་རིམ་འཕྲོད་བསྟེན་གཉེར་ཕྱོགས་ལམ་སྟོན་གཏན་འབེབས་དང་། དབུས་འཕྲོད་བསྟེན་ལས་ཁུངས་སུ་ཁྱད་ལས་མི་སྣའི་མཐུན་རྐྱེན་དགོས་གལ།
ང༽ གསོ་བ་རིག་པ་རྒྱ་སྐྱེད་དང་ཟུང་འབྲེལ་གྱི་ཐབས་ལམ།
༡། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་གསོ་བ་རིག་པའི་སྡེ་ཚན་དང་སྐུ་ཚབ་དགོས་གལ།
༢། བོད་ཀྱི་སྨན་རྩིས་ཁང་དུ་ནད་པས་སྨན་གཏུགས་བྱས་པའི་གྲངས་མཛོད་གསར་བསྐྲུན་གྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་མཛོད་མཉམ་ཟླ་སྒྲིལ་བྱ་གལ།
༣། གསོ་རིག་ནི་བོད་ཀྱི་རིག་གནས་ཀྱི་ངོ་བོར་སྲུང་སྐྱོབ་དང་དེའི་ཁྱད་ལས་བདག་དབང་། རྟགས་དཔྱད། མཚོན་རྟགས་བཅས་བདག་སྲུང་དགོས་གལ།
༤། ཉམས་ཞིབ་ཞུ་ཕྱོགས་དང་། མིའི་ནུས་པ་ཡར་རྒྱས་གཏོང་ཕྱོགས། དཔལ་འབྱོར་འདུ་འགོད་བྱེད་ཕྱོགས། ཁྱད་ལས་དང་འཕྲུལ་ཆས་ལག་རྩལ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་ཐོག་འཆར་གཞི་ཚད་ལྡན་བཟོོ་གལ།
༥། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་གཉིས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་ལུགས་གཉིས་དབར་གྱི་སྨན་པ་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། འབྲེལ་ལམ། ནད་གཞི་བྱེ་བྲག་པའི་ཐོག་ཉམས་ཞིབ། དེ་བཞིན་ནད་རིགས་སྔོན་འགོག་གི་ཐོག་ཟུང་འབྲེལ་ཞུ་ཕྱོགས་སོགསཀྱི་ཐབས་ལམ་འཚོལ་གལ།
ཅ༽ ཕྱི་ལུགས་སྨན་བཅོས་ཞུ་ཕྱོགས་ཀྱི་ཐབས་ལམ་དང་ནད་རིགས་སྔོན་འགོག
༡། མི་མང་རང་གི་བསམ་བློ་འཁྱེར་ཕྱོགས་བསྒྱུར་བཅོས་ཀྱིས་ནད་རིགས་སྔོན་འགོག་དང་འཕྲོད་བསྟེན་བདེ་ཐང་དང་འབྲེལ་བའི་རིག་གཞུང་འཁྲབ་སྟོན་དང་། ནང་མི་ཕན་ཚུན་གོ་བསྡུར། ལས་འཆར་གྱི་སྒོ་ནས་སློབ་ཕྲུག་མཉམ་བཞུགས། སྤྱི་ཚོགས་དྲྭ་ལམ། སྤྱི་ཚོགས་ནང་མིག་དཔེ་འོས་པ་ངོས་འཛིན་དང་རོགས་སྐྱོར་བཅས་ཀྱི་ལས་གཞི་ལག་བསྟར་ཞུ་གལ།
༢། ད་ཡོད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཁག་སྲ་བརྟན་དང་རྒྱ་བསྐྱེད་གཏོང་གལ།
༣། འཕྲོད་བསྟེན་ཁྱད་ལས་དང་སྨན་པ་རྣམས་ནས་དེང་དུས་འཕྲུལ་ཆས་བརྙན་འཕྲིན་སོགས་བེད་སྤྱད་ནས་སྤྱི་ཚོགས་ནང་འཕྲོད་བསྟེན་དང་ཁྱབ་གདལ་ནད་རིགས་བྱེ་བྲག་པའི་ཐོག་གོ་རྟོགས་སྤེལ་གལ།
༤། འཕྲོད་བསྟེན་དང་འབྲེལ་བའི་ཡོ་ཆས་དང་། བརྒྱུད་རིམ། དགོས་མཁོ་གཞིར་བཞག་གིས་དཔྱད་ཞིབ་བཅས་ཀྱི་སྐབས་མི་མང་གི་བསམ་ཚུལ་བསྡུ་ལེན་དགོས་གལ།
༥། འཕྲོད་བསྟེན་ལས་འཆར་ཁག་གི་ནང་སློབ་ཕྲུག་མཉམ་བཞུགས་གནང་གལ།
༦། སྤྱི་ཚོགས་ནང་མིག་དཔེ་འོས་པའི་མི་སྣ་ངོ་བཟུང་གིས་མི་མང་ལ་ངོ་སྤྲོད་དང་གོ་རྟོགས་སྤེལ་གལ། དཔེར་ན། མྱོས་རྫས་ངན་གོམས་རིགས་བཅོས་ཁང་ནས་ཐོན་ཏེ་ད་ལྟའི་འཆར་སྤྱི་ཚོགས་ནང་རང་གི་རྐང་པའི་ཐོག་ལངས་ནས་འཚོ་བ་སྐྱེལ་བཞིན་པའི་སྐྱེ་བོ་ལྟ་བུའོ།
བརྗོད་གཞི་བཞི་པ། བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་སྐོར།
རྒྱབ་ལྗོངས།
ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ཕེབས་པ་དང་ལྷན་དུ་བོད་མི་བཙན་བྱོལ་བ་ ༨༠༠༠༠ ལྷག་སྐྱབས་བཅོལ་དུ་སླེབས་པར་རྒྱ་གར་གྱི་མངའ་སྡེ་མང་པོས་ས་ཆ་གནང་སྟེ་གཞིས་ཆགས་ཁག་འཛུགས་ཐུབ་པ་བྱུང་། དེ་བཞིན་བལ་ཡུལ་དང་འབྲུག་ཡུལ་དུའང་སྐབས་དེར་སྐྱབས་བཅོལ་ལ་སླེབས་པའི་བོད་མི་ཚོའི་ཆེད་གཞིས་ཆགས་ཁག་བཙུགས་ཡོད།
དེང་སྐབས་རྒྱ་གར་དུ་བོད་མི་སྐྱབས་བཅོལ་བ་གྲངས་ ༡༡༠༠༠༠ ལྷག་ཡོད་པ་ལས། མང་ཆེ་བ་གཞིས་ཆགས་ཁག་ ༣༩ ནང་གནས་སྡོད་བྱེད་བཞིན་ཡོད། དེ་ནི་བཙན་བྱོལ་བོད་མིའི་འདུ་སྡོད་ཆེ་ཤོས་དེ་ཆགས་ཡོད། གཞིས་ཆགས་ཁག་གི་ནང་བོད་མི་ཚོར་སྡོད་གནས་དང་འཚོ་ཐབས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད་ལ། བོད་ཀྱི་རིག་གཞུང་དང་ངོ་བོ་མི་ཉམས་རྒྱུན་འཛིན་ཡོང་ཐབས་ཀྱང་བྱེད་ཀྱི་ཡོད། དེང་སང་གཞིས་ཆགས་ཁག་གི་ཁོངས་ནས་རྒྱ་གར་དང་བལ་ཡུལ་གྱི་གྲོང་ཁྱེར་ཁག་ནང་གནས་སྤོ་བྱེད་པའི་བོད་མིའི་སྐྱབས་བཅོལ་བའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་ཚོའི་ནང་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་ཁྱིམ་གཞིས་སྐྱོང་མཁན་དང་ལས་ཞུགས་བྱེད་ཚད་ལ་སླེབས་པའི་ན་གཞོན་གྱི་གྲངས་འབོར་ཉུང་དུ་འགྲོ་བ་དང་བསྟུན། གཞིས་ཆགས་ཁག་གི་མི་འབོར་ཡང་ཉུང་དུ་འགྲོ་བཞིན་ཡོད།
ལྷག་པར་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་པའི་མཇུག་ཙམ་ནས་རྒྱལ་ཁབ་གཞན་དུ་གནས་སྤོས་བྱེད་མཁན་བོད་མི་མང་དུ་ཕྱིན་པས། ད་ལྟའི་ཆར་བྱང་ཨ་རི་དང་། ནུབ་ཡོ་རོབ། ཨོ་སི་ཀྲི་ལ་ཡ་བཅས་སུ་བོད་མི་འདུ་སྡོད་བྱེད་བཞིན་པ་གཙོས་རྒྱལ་ཁབ་ ༣༠ ལྷག་གི་ནང་ཁ་འཐོར་ནས་བོད་མི་རྣམས་གནས་སྡོད་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་རིམ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བྱེད་བཞིན་པའི་བོད་མིའི་གྲངས་འབོར་མང་དུ་འགྲོ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་པའི་བོད་མི་ཚོར་ཤེས་ཡོན་དང་དཔལ་འབྱོར་སོགས་གང་ཐད་ནས་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་སུ་ཡོད་པའི་བོད་མི་ཚོ་ལས་མཐུན་རྐྱེན་བཟང་བ་ཡོད།
གཞིས་ཆགས་ཁོངས་སུ་བཟོ་ལས་དང་ཞིང་ལས་ཀྱི་འཚོ་ཐབས་གཉེར་བཞིན་པའི་བོད་མི་རྣམས་རྒྱ་གར་དང་བལ་ཡུལ་གྱི་གྲོང་ཁྱེར་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྤོས་བྱེད་བཞིན་པ་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཔལ་འབྱོར་ཡར་རྒྱས་ཀྱི་གཞི་རྩ་གཙོ་བོ་ཞིག་ཡིན་ནའང་། སྤྱི་ཚོགས་ནང་གདོང་ལེན་བྱེད་དགོས་པའི་དཀའ་ངལ་ཞིག་ཏུའང་གྱུར་ཡོད། དེ་ཡིས་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་ངོ་བོ་སོར་གནས་ཡོང་རྒྱུའི་བོད་མིའི་སྤྱི་ཚོགས་ཀྱི་ནུས་པ་ཉམས་རྒུད་དུ་འགྲོ་བ་དང་སྦྲགས། གནས་སྤོས་བྱས་པ་ལ་བརྟེན་ནས་བཙན་བྱོལ་ནང་བོད་མི་འདུ་སྡོད་ཀྱི་མི་འབོར་ཉུང་དུ་འགྲོ་བ་དང་བཙན་བྱོལ་བོད་མིའི་གཞི་རྩའི་གྲུབ་ཆ་ཉམས་བཞིན་པའི་རྒྱུ་རྐྱེན་དེ་ཆགས་ཡོད།
ཚོགས་བཅར་བའི་དགོངས་འཆར།
ཀ༽ གནས་ཡུལ་སྤོ་བཤུད་དང་གཞོན་སྐྱེས་དང་འབྲེལ་བའི་གནས་དོན་སེལ་ཐབས།
༡། དེང་དུས་ཀྱི་ན་གཞོན་རྣམས་ལ་ཤེས་ཡོན་དང་མངོན་འདོད་གསར་པ་མི་འདྲ་བ་ཡོད། མངོན་འདོད་དེ་དག་གཞིར་བཞག་གིས་གཞོན་སྐྱེས་རྣམས་གནས་སྤོའི་དཀལ་སེལ་དང་ལས་ཀའི་གོ་སྐབས་བསྐྲུན་དགོས། བོད་མིའི་སྒྲིག་འཛུགས་ནས་གཞོན་སྐྱེས་རྣམས་མུ་མཐུད་དུ་རྒྱ་བལ་འབྲུག་གསུམ་དུ་གནས་ཐབས་སུ་རྒྱུ་མཚན་ལྡན་པའི་ཐབས་ལམ་འབད་བརྩོན་ཞུ་གལ།
༢། སོ་ནམ་དང་། ཚོང་ལས། ཡུལ་སྐོར་སྤྲོ་འཆམ་སོགས་ཀྱི་ལས་གཞི་ཁག་གཞི་རྒྱ་ཆེན་པོའི་སྒོ་ནས་རྒྱ་བསྐྱེད་ཐུབ་ཚེ་ལས་ཀ་གསར་པ་དང་གཞོན་སྐྱེས་རྣམས་ལ་དོ་དབྱིངས་ཡོད་པ་མ་ཟད། ཡོང་འབབ་ཡོང་སའི་གོ་སྐབས་བསྐྲུན་ཐུབ། དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཙམ་མ་ཟད་གཞིས་ཆགས་དང་དེ་འབྲེལ་གྲོང་འཁྱེར་ཁག་ལ་མུ་མཐུད་གནས་སྡོད་བྱེད་རྒྱུའི་བློ་སྟོབས་ཡང་འཕེལ། མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་ཙམ་མིན་པར་ལས་ཀའི་གོ་སྐབས་མང་བས་ཕྱི་བསྐྱོད་བྱེད་རྒྱུར་ཉུང་འཕྲི་བྱེད་ཐུབ།
༣། བོད་མིའི་སྒྲིག་འཛུགས་ནས་ཚོང་ལས་གཉེར་མཁན་ཆེ་འབྲིང་གསུམ་ལ་རྒྱབ་སྐྱོར་དང་འབྲེལ་ལས་ཀའི་གོ་སྐབས་བསྐྲུན་དགོས་པའི་སེམས་ཤུགས་སྤར་གལ། ཚོང་ལས་གཉེར་མཁན་རྣམས་ལ་རྒྱབ་སྐྱོར་ཞུ་རྒྱུར་ཁོར་ཡུག་སྟབས་བདེ་དང་སྙོབ་བདེ་བསྐྲུན་ནས་ལས་ཀའི་གོ་སྐབས་དང་། ལས་རིགས་འདྲ་མིན། ཡོང་འབབ་དང་འཚོ་བའི་གནས་སྟངས་སོགས་ཡར་རྒྱས་གཏོང་ཐུབ།
༤། གཞོན་སྐྱེས་རྣམས་ལ་ཚོང་ལས། ཡུལ་སྐོར་སྤྲོ་འཆམ། སོ་ནམ་ཞིང་ལས་ནང་ལས་ཀ་དང་ཡོང་འབབ་ ཀྱི་གོ་སྐབས་སྐོར་ལམ་སྟོན་དང་། གཞི་རིམ་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་དེ་དག་གསལ་དགོས།
༥། གཞིས་ཆགས་ཁག་གི་ནང་ཞིང་ལས་ཙམ་མ་ཡིན་པར་འཚོ་ཐབས་གཞན་གཉེར་རྒྱུའི་གོ་སྐབས་བསྐྲུན་དགོས། དེ་དག་ནི་བཟོ་ལས་དང་། འཕྲུལ་ལས། ཚོང་ལས་སོགས་ཡིན་དགོས། སྒེར་གྱི་བཟོ་ཚོང་ཁག་དང་མཉམ་འབྲེལ་ལམ་གྱིས་ལས་རིགས་བསྐྲུན་དགོས། སྤྱི་སྒེར་ཟུང་འབྲེལ་ཐོག་ལས་འཆར་སྤེལ་རྒྱུར་དགོངས་བཞེས་གནང་གལ། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་གཞོན་སྐྱེས་དང་གཞན་གཞིས་མི་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་ཡིན་དགོས།
༦། རྒྱ་གར་གཞུང་ནས་གཞོན་སྐྱེས་ལ་ལས་རིགས་གསར་བསྐྲུན་གྱི་ལས་འཆར་མང་དག་ཞིག་སྤེལ་བཞིན་ཡོད་པའི་ནང་བོད་མིའི་སྒྲིག་འཛུགས་ནས་མཉམ་བཞུགས་ཀྱིས་གོ་སྐབས་ལེན་དགོས། དེ་འབྲེལ་སྦྱོང་བརྡར་ཁག་གི་ནང་མཉམ་བཞུགས་ཀྱིས་གཞོན་སྐྱེས་ཚོའི་མ་འོངས་མདུན་ལམ་སྲ་བརྟན་བཟོ་གལ།
༧། བོད་མི་གཞོན་སྐྱེས་ཚོང་ལས་གཉེར་འདོད་ཡོད་མཁན་རྣམས་ལ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོང་པ་ཆེ་གྲས་ནས་ལམ་སྟོན་དང་ཚོང་ལས་གཉེར་རྒྱུར་རྒྱུས་སྟོན་ཞུ་གལ།
༨། རྒྱ་གར་གཞུང་གི་བོད་མིར་འཛིན་པའི་སྲིད་བྱུས་ ༢༠༡༤ དེ་བཞིན་ལག་བསྟར་ཚུལ་བཞིན་ཡོང་སླད་མི་མང་ལ་གོ་རྟོགས་སྤེལ་གལ།
༩། ཁ་ཐོར་དུ་གནས་པའི་བོད་མི་རྣམས་གཅིག་བསྡུ་དང་ཕྱིར་ཐོན་ཉུང་འཕྲི་ཡོང་སླད་ཁང་པའི་མཐུན་རྐྱེན་བསྐྲུན་གལ།
༡༠། བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་ཁག་ནང་མཉམ་བཞུགས་སླད་གཞིས་ཆགས་ཁག་ནང་གཞོན་སྐྱེས་དང་འབྲེལ་བའི་ཚོགས་འདུ་དང་ལྷན་ཚོགས་རིགས་བསྐོང་གལ།
༡༡། སློབ་གྲྭ་ཁག་གི་ནང་གཞི་རིམ་གོང་མའི་འཛིན་གྲྭའི་སྐབས་མ་འོངས་པར་ལས་ཀའི་གོ་སྐབས་ཐོབ་སླད་དེ་འབྲེལ་ལས་འཆར་དང་ལས་གཞི་ཁག་སྤེལ་གལ།
ཁ༽ གཞིས་ཆགས་ཁག་གི་ཞིང་ལས་གཉེར་ཕྱོགས་བསྒྱུར་བཅོས་གཏོང་ཐབས།
༡། བོད་མིའི་སྒྲིག་འཛུགས་ནས་ཞིང་ལས་དང་འབྲེལ་བའི་གཞིས་ཆགས་ཁག་གི་ཞིང་ལས་ཀྱི་ཐོན་རྫས་ཐོག་ཚོང་ལས་གཉེར་དགོས། བསྒྱུར་བཅོས་འདིའི་རིགས་འཆར་གཞི་ལྡན་པ་དང་རྒྱུན་འཁྱོངས་ལག་བསྟར་དགོས་གལ། གཞིས་ཆགས་རེ་རེ་བཞིན་སོ་སོའི་ནུས་པ་དང་། གནས་སྟངས། དེ་བཞིན་གོ་སྐབས་སོགས་ལ་བསྟུན་ནས་ལས་གཞི་ལག་བསྟར་དགོས་རྒྱུ། གཞིས་ཆགས་ཁྱོན་ཡོངས་གཞིར་བཞག་གིས་ས་སྟོང་བེད་སྤྱོད་གཏོང་རྒྱུར་འཆར་གཞི་འདིང་པ་ཡིན་ན་ཧ་ཅང་ཕན་ཐོགས་ཆེ།
༢། ཞིང་ལས་ཚོང་གཉེར་དེ་དག་རྒྱལ་ནང་དང་ཉེ་འཁོར་ཁྲོམ་རའི་དགོས་མཁོ་དང་བསྟུན་དགོས། རྒྱ་གར་གྱི་ཁྲོམ་ར་གཞི་རྒྱ་ཆེ་བ་དང་། ཡར་རྒྱས་འགྲོ་བཞིན་པའི་གནས་སྟངས་འོག་ཡོད། རྒྱལ་སྤྱིའི་ཁྲོམ་རའི་ནང་ཕྱིར་ཚོང་བྱེད་རྒྱུར་ཐབས་ལམ་ཡང་འཚོལ་གལ།
༣། བོད་མིའི་སྒྲིག་འཛུགས་ངོས་ནས་དགོས་དངུལ་མཁོ་འདོན་གྱིས་རང་དབང་ཅན་གྱི་སྒེར་གྱི་བཟོ་ལས་ཟུར་འཛུགས་ཀྱིས་དགོས་མཁོ་ཡོད་པའི་གནད་དོན་ཁག་ངོས་བཟུང་དང་། སྣེ་འཁྲིད། མ་རྩ་འཛུགས་རྒྱུ། དེ་བཞིན་ཚོང་ལས་ཅན་གྱི་ཞིང་ལས་ཁག་གཉེར་དགོས།
༤། ཞིང་ལས་ཚོང་ལས་སྐབས་ཐོན་རྫས་བྱེ་བྲག་པ་ཞིག་ངོས་འཛིན་གྱིས་ལས་གཞི་ལག་བསྟར་ཞུ་དགོས། ལས་དོན་དེའི་ཆེད་ཁྱད་ལས་པའི་ལམ་སྟོན་དང་རྒྱུས་མངའ་ཤིན་ཏུ་གལ་ཆེན་ཆགས་ཀྱི་ཡོད།
༥། གཞི་རྒྱ་ཆེ་བའི་ཞིང་ལས་ཚོང་ལས་གཉེར་སྐབས་ཐབས་བྱུས་ལྡན་པའི་ཚོང་རོགས་མཉམ་ལས་གཞི་སྤེལ་དགོས། རྒྱ་གར་དང་རྒྱལ་སྤྱིའི་ཚོང་པ་རྣམས་ཐབས་བྱུས་ལྡན་པའི་ཚོང་རོགས་ཁོངས་རྩིས་ཆོག ཐབས་བྱུས་ལྡན་པའི་ཚོང་རོགས་ནས་ཁྱད་ལས་ལམ་སྟོན་དང་རོགས་སྐྱོར་ཐོབ་ཐུབ།
༦། ཞིང་པ་ཕན་ཚུན་དབར་འབྲེལ་ལམ་དང་མཐུན་སྒྲིལ་ཡོང་སླད་ཞིང་པའི་ཐོན་རྫས་བཟོ་ལས་གསར་འཛུགས་དགོས་རྒྱུ། བཟོ་ལས་དེས་ཞིང་པ་རྣམས་ནས་ཟུང་འབྲེལ་དང་ཐོན་རྗས་སྤུས་ཚད་ལྡན་པ་ཡོང་རྒྱུར་སྟངས་འཛིན་ཞུ་དགོས། བཟོ་ལས་དེའི་ལས་འགན་གཙོ་བོ་ནི་སོ་སོར་དགོས་པའི་རྒྱུ་ཆ་འཚོལ་རྒྱུ་དང་ཁྲོམ་ར་གསར་པ་བཙལ་ནས་སྤུས་ཚད་ལྡན་པའི་ཐོན་རྫས་ཁག་འཚོང་རྒྱུ་བཅས་ཡིན།
༧། ཉེ་འཁོར་གྱི་ཁྲོམ་རར་དཔགས་པའི་ཡོང་ཁུངས་ཆེ་བའི་ལོ་ཏོག་ངོས་འཛིན་དང་། འཚོང་འགྲེམས་ཀྱི་གོ་སྐབས་ཤིན་ཏུ་བཟང་པོ་ཡོད། ཐོན་རྗས་དེ་དག་ངོས་བཟུང་དང་འཚོང་འགྲེམས་སོགས་གཞིས་ཆགས་སོ་སོ་ནས་ལག་བསྟར་ཞུ་དགོས། དེའི་ཉེ་འཁོར་གྱི་ཁྲོམ་ར་ཁོ་ནར་བསྟེན་སྡོད་བྱེད་མཁན་གྱི་ཞིང་པ་རྣམས་ཀྱི་ཡོང་འབབ་ལ་ཕན་ཐོགས་ཆེན་པོ་ཡོད།
༨། བོད་མིའི་སྒྲིག་འཛུགས་ནས་གཞིས་ཆགས་ཁག་ནང་ཞིང་ལས་ནས་ཐོན་པའི་ཐོན་རྫས་ལ་ཚོང་རྟགས་དམིགས་གསལ་ཅན་ཞིག་གསར་བསྐྲུན་གྱིས་བདག་ཉར་བྱེད་དགོས། ཐོན་རྫས་དེ་དག་ཚོང་རྟགས་རྩེ་ཕུད་གྲས་སུ་བཞག་སྟེ་ཞིང་པ་རྣམས་ནས་རང་ཉིད་ཀྱི་ཐོན་རྗས་ཁོངས་ནས་དྲག་འདེམས་ཀྱིས་རིན་གོང་མཐོ་བའི་སྒོ་ནས་རྒྱལ་སྤྱི་དང་རྒྱལ་ནང་ཚོང་རྟགས་འདིའི་འོག་འཚོང་འགྲེམས་བྱེད་དགོས། དཔེར་ན། བོད་ཞེས་བྲིས་པའི་ཚོང་རྟགས་མཉམ་ཞི་བདེ་དང་། བདེ་འཇགས། སྙིང་རྗེ་ཞེས་འགོད་གལ།
༩། མདུན་བསྐྱེད་བྱེད་རྒྱུའི་གནད་དོན་ཐད་གྲོས་བསྡུར་དང་འཆར་གཞི་འདིང་སྐབས་གཞིས་ཆགས་ཀྱི་སྤྱི་ཚོགས་ནས་མཉམ་བཞུགས་དགོས་རྒྱུ་མ་ཟད། ལས་དོན་ཚགས་ཚུད་ཡོང་བར་ཁོང་ཚོའི་དགོངས་འཆར་དང་རྒྱབ་སྐྱོར་དགོས་གལ།
༡༠། བོད་མིའི་སྒྲིག་འཛུགས་དང་མཉམ་འབྲེལ་གཉིས་མཉམ་རུབ་སྒོ་ནས་ཞིབ་འཇུག་བགྱིས་ཏེ་ཞིང་པའི་ཐོན་རྫས་རྣམས་ཁྲོམ་རར་ལས་སླ་པོ་དང་དཀའ་ངལ་མེད་པའི་སྒོ་ནས་སྐྱེལ་རྒྱུར་འབད་དགོས།
༡༡། བོད་མིའི་སྒྲིག་འཛུགས་ནས་སྐྱེ་ལྡན་སོ་ནམ་ཐོན་རྫས་ཀྱི་ཆེད་ཁྲོམ་ར་འཚོལ་རྒྱུར་རོགས་སྐྱོར་དང་སྐྱེ་ལྡན་སོ་ནམ་དང་འབྲེལ་བའི་ཞིང་ལས་ཐོག་སྦྱོང་བརྡར་ཟབ་འཁྲིད་གནང་གལ།
༡༢། ཞིང་ལས་ཚོང་ལས་སྡེ་ཚོགས་དང་མཉམ་འབྲེལ་ཁག་ལ་ཞིང་ལས་རྒྱ་སྐྱེད་དང་འབྲེལ་བའི་ལས་གཞི་ལག་བསྟར་ཞུ་རྒྱུར་ནུས་ཤུགས་སྤེལ་དགོས།
༡༣། བོད་མིའི་སྒྲིག་འཛུགས་ནས་སྒེར་གྱི་བཟོ་ལས་ཁག་དང་མཉམ་འབྲེལ་གྱིས་གཞིས་ཆགས་ཁག་ནང་བཟོ་ལས་གསར་བསྐྲུན་ཞུ་གལ།
ག༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་དཔལ་འབྱོར་གྱི་ཐོན་སྐྱེད་དང་ལས་རིགས་མཐུན་འགྱུར་ཡོང་སླད་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱུན་གནས་ཐུབ་པའི་དཔལ་འབྱོར་ཞབས་ཞུ་ལྟེ་གནས་རིགས་འཛུགས་ཐབས།
༡། སྤྱི་ཚོགས་ལ་དཔལ་འབྱོར་དང་འབྲེལ་བའི་ཐོན་རྫས་དང་ཞབས་ཞུ་མང་དག་ཞིག་དགོས། དེ་ཡང་དངུལ་བཅོལ་དང་བུན་གཡར། ཉེན་སྲུང་མ་འཇོག དཔལ་འབྱོར་དང་འབྲེལ་བའི་འཆར་གཞི་བཟོ་འགོད། རྒྱུ་དངོས་བདག་གཉེར་སོགས་ཀྱི་མཐུན་རྐྱེན་ཚང་དགོས། དེའི་ཐོག་ཚོང་པ་ཆེ་འབྲིང་ཆུང་གསུམ་ལ་ཚོང་ལས་གཉེར་རྒྱུར་ས་བོན་མ་རྩ་དང་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུར་མ་རྩའི་མཐུན་རྐྱེན་བསྐྲུན་དགོས། བོད་མིའི་སྒྲིག་འཛུགས་ནས་དཔལ་འབྱོར་ལྟེ་གནས་ཁང་གསར་འཛུགས་གནང་བའི་ནང་གོང་གསལ་མཐུན་རྐྱེན་ཁག་ངེས་པར་ཚང་དགོས།
༢། དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་འོག་ཡོད་པའི་དངུལ་ཁང་ལྟ་བུའི་སྡེ་ཚན་ནས་མི་མང་ལ་དངུལ་གྱི་དགོས་མཁོ་ཡོངས་རྫོགས་བསྐོང་མི་ཐུབ་པས། ད་ལྟ་འགྲོ་བཞིན་པའི་ལས་གཞི་ཁག་མུ་མཐུད་གནས་གལ་ཡང་། ཚོང་ལས་གཉེར་རྒྱུར་མ་རྩ་མཁོ་གནད་དང་བསྟུན་བོད་མིའི་སྒྲིག་འཛུགས་ནས་ཐབས་ལམ་འབད་བརྩོན་གནང་གལ།
༣། གཞུང་འབྲེལ་བརྒྱུད་རིམ་ཁག་བརྒྱུད་མི་དགོས་པར་དངུལ་ཁང་ལྟ་བུ་སྡེ་ཚན་འདི་བཞིན་རང་དབང་ཅན་གྱི་ངོ་བོར་གནས་དགོས།
༤། དངུལ་ཁང་ལྟ་བུའི་ལས་འཆར་དང་ཐོན་རྫས་ཁག་གི་སྐོར་མི་མང་ལ་གོ་རྟོགས་སྤེལ་གལ།
༥། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ནས་བཙན་བྱོལ་བོད་མིའི་དཔལ་འབྱོར་གནས་སྟངས་སྲ་བརྟན་བཟོ་རྒྱུར་གལ་གནད་ཆེ་བའི་ཆ་ཤས་ལེན་ཐུབ། ཕྱི་རྒྱལ་དུ་གནས་པའི་བོད་མི་མང་པོ་ཞིག་དཔལ་འབྱོར་དང་འབྲེལ་བའི་ལས་དོན་གཉེར་བཞིན་ཡོད་པས་དེ་དག་ནས་མ་རྩ་འཛུགས་རྒྱུ་དང་། ལམ་སྟོན་སློབ་གསོ། ཁྱད་ལས་ལམ་སྟོན་དང་རྒྱུས་མངའ་སོགས་ཀྱི་རོགས་ཕན་ཞུ་ཐུབ་པ་མ་ཟད། ཕྱི་རྒྱལ་དུ་གནས་སྡོད་བོད་མི་ད་ཡོད་དངུལ་ཁང་ལྟ་བུའི་སྡེ་ཚན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་ནས་དུས་ནས་དུས་སུ་ལམ་སྟོན་དང་ལས་དོན་གཉེར་ཕྱོགས་ཐད་རོགས་ཕན་ཞུ་ཐུབ།
༦། བོད་མིའི་སྒྲིག་འཛུགས་ནས་དཔལ་འབྱོར་ལྟེ་གནས་ལྟ་བུ་གསར་འཛུགས་སྐབས་ཀྱི་འཆར་འགོད་དང་རྒྱ་སྐྱེད་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ཏུ་གནས་པའི་བོད་རིགས་ཚོང་ལས་རྒྱ་ཆེ་གཉེར་མཁན་རྣམས་མཉམ་བཞུགས་གནང་རྒྱུར་འབད་གལ། རིམ་བཞིན་དངུལ་ཁང་ལྟ་བུའི་ལས་གཞི་རྒྱ་སྐྱེད་དང་ལས་འཆར་ཁག་གཏན་འབེབས་ཀྱིས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ཏུ་གནས་པའི་བོད་རིགས་ནས་མ་རྩ་འཛུགས་རྒྱུར་བསྐུལ་མ་གནང་དགོས། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་མ་རྩ་འཛུགས་ཐུབ་མཁན་རྣམས་འདོད་བློ་ཁེངས་པ་བཟོ་རྒྱུར་འཆར་གཞི་དང་ཡིག་ཆ་ཁག་ཚད་ལྡན་བཟོ་གལ།
༧། དཔལ་འབྱོར་ལྟེ་གནས་གསར་འཛུགས་སྐབས་ལས་གཞི་ལག་བསྟར་ཆེད་རོགས་སྐྱོར་འཚོལ་གལ། ཐོན་རྫས་ཕལ་ཆེ་བ་ཚོང་ཟོག་ཁོ་ན་ཡིན་པས་རྒྱ་གར་གྱི་བཟོ་ལས་མཉམ་ཟུང་འབྲེལ་བྱེད་ཐུབ། ཉེན་སྲུང་ལྟ་བུ་དཔེ་མཚོན་ཡག་ཤོས་ཡིན།
༨། དངུལ་ཁང་ལྟ་བུ་དང་གཞན་དཔལ་འབྱོར་ལྟེ་གནས་ཁག་གསར་བསྐྲུན་སྐབས་མི་མང་གི་བསམ་ཚུལ་བསྡུ་དགོས། དེས་མ་འོངས་པར་ལས་གཞི་ལག་བསྟར་དང་རྒྱ་སྐྱེད་སྐབས་མི་མང་གི་རྒྱབ་སྐྱོར་ཐོབ་རྒྱུ་དང་མི་མང་གི་དགོས་མཁོ་དང་བསྟུན་ནས་ལས་གཞི་ལག་བསྟར་ཐུབ་རྒྱུར་ཕན་ཐོགས་ཡོད།
ང༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཡར་ཐོན་ཚོང་ལས་དང་ཚོང་ལས་ཆེ་འབྲིང་ཆུང་གསུམ་གཉེར་ཐབས་ཡོང་བར་སྐུལ་སློང་དང་རྒྱབ་སྐྱོར་སྤེལ་ཐབས།
༡། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་ནི་ཚོང་ལས་ཆུང་ཚགས་གཉེར་མཁན་དང་ཚོང་ལས་དོན་གཉེར་ཅན་རྣམས་ལ་ལས་དོན་སྤེལ་རྒྱུར་ཁོར་ཡུག་བསྐྲུན་དགོས། ལས་དོན་ཚགས་ཚུད་ཡོང་རྒྱུར་མཐུན་འགྱུར་དང་ཞབས་ཞུའི་མཐུན་རྐྱེན་གཞི་ཆེན་པོའི་སྒོ་ནས་སྤེལ་དགོས། དེ་དག་ནི་ཚོང་ལས་འཆར་གཞི་བཟོ་འགོད་དང་། དཔལ་འབྱོར་འཆར་གཞི་དང་སྔོན་རྩིས། ཚོང་འགྲེམས་དང་འཚོང་རྒྱུར་འཆར་གཞི། ཁྲིམས་མཐུན་ལམ་སྟོན། རྩིས་པའི་སྦྱོང་བརྡར། ཁྲལ་ཐོག་སྦྱོང་བརྡར། རྒྱ་གར་གྱི་དངུལ་ཁང་ནས་བུན་ལོན་ལེན་རྒྱུར་མཐུན་འགྱུར་སོགས་ཡིན།
༢། བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་ནས་གོང་གསལ་ལས་གཞི་ཁག་མང་ཆེ་བ་སྤེལ་ཟིན་ཡང་ད་དུང་མུ་མཐུད་ཚགས་ཚུད་དང་ཡར་རྒྱས་གཏོང་གལ།
༣། བོད་མིའི་ཚོང་ལས་བདེ་ཚོགས་དང་མཉམ་འབྲེལ་ཐོག་ནས་འདི་ལྟ་བུའི་ཞབས་ཞུ་སྒྲུབ་རྒྱུར་ཕན་ཐོགས་ཡོད།
༤། བོད་མིའི་སྒྲིག་འཛུགས་ནས་ཚོང་ལས་ཆུང་ཚགས་གཉེར་མཁན་དང་དོན་གཉེར་ཅན་རྣམས་ལ་རྒྱ་གར་གཞུང་གི་ཚོང་ལས་དང་འབྲེལ་བའི་མཐུན་རྐྱེན་ཁག་ཐོབ་རྒྱུར་མཐུན་འགྱུར་ཞུ་དགོས།
༥། ཚོང་ལས་ཆུང་ཚགས་གཉེར་མཁན་དང་དོན་གཉེར་ཅན་རྣམས་ལ་མ་རྩའི་མཐུན་རྐྱེན་སྦྱོར་རྒྱུར་དགོས་དངུལ་ཡོང་ཁུངས་ཐབས་ལམ་འཚོལ་དགོས། ཕྱི་རྒྱལ་ནས་ཐད་ཀར་དགོས་དངུལ་མ་འཇོག་ནི་ཐབས་ལམ་ཡག་གྲས་ཤིག་ཡིན། སྒེར་གྱི་མ་འཇོག་ཀྱང་གལ་གནད་ཆགས་ཀྱི་ཡོད། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ནང་གནས་སྡོད་བོད་མི་ཚོའང་མ་འཇོག་གི་དམིགས་སྒོ་ཡང་ཡིན།
༦། དཔལ་འབྱོར་ལྟེ་གནས་ཁང་གསར་འཛུགས་སྐབས་ཚོང་ལས་ཆུང་ཚགས་གཉེར་མཁན་དང་དོན་གཉེར་ཅན་རྣམས་ཀྱི་དགོས་མཁོ་དང་ཐོན་རྫས་ཁག་ལ་དམིགས་བསལ་དོ་སྣང་དགོས་གལ། ཚོང་ལས་ཆུང་ཚགས་དང་དོན་གཉེར་ཅན་རྣམས་ལ་དགོས་དངུལ་དགོས་མཁོ་ཡོད་པས་དཔལ་འབྱོར་ལྟེ་གནས་ཁང་ནས་དེ་བསྟུན་ཚོང་ཟོག་ཉོ་མཁན་རྣམས་ནས་མ་འཇོག་ཡོང་རྒྱུར་ཐབས་ཤེས་ཞུ་དགོས།
༧། ཚོང་ལས་ཆུང་ཚགས་གཉེར་མཁན་དང་དོན་གཉེར་ཅན་རྣམས་ལ་དེང་དུས་ཀྱི་འཕྲུལ་ཆས་མཐུན་རྐྱེན་ཚང་དགོས། དེང་དུས་ཀྱི་འཕྲུལ་ཆས་བརྒྱུད་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་ཚོང་ལས་ཆུང་ཚགས་གཉེར་མཁན་དང་དོན་གཉེར་ཅན་མཉམ་འབྲེལ་ལམ་གྱིས་ཚོང་ལས་དང་འབྲེལ་བའི་དཀའ་ངལ་ཁག་སེལ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཁྲོམ་ར་གསར་པ་འཚོལ་རྒྱུར་དཀའ་ངལ་ཡོད་པ་རྣམས་སེལ་ཐུབ། བོད་ཀྱི་སྒྱུ་རྩལ་དང་ལག་ཤེས་མཁོ་འདོན་གནང་མཁན་རྣམས་ནས་ཀྱང་ཐབས་ལམ་དེ་བེད་སྤྱོད་བྱ་གལ། བོད་མིའི་སྒྲིག་འཛུགས་ངོས་ནས་མཐུན་རྐྱེན་དེ་དག་ཐོབ་རྒྱུར་མཐུན་འགྱུར་ཞུ་གལ།
༨། བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་སྒྱུ་རྩལ་དང་ལག་ཤེས་རིག་གནས་ཁག་ཉམས་པ་སླར་གསོ་ཡོང་རྒྱུར་མཐུན་འགྱུར་གནང་དགོས།
༩། བོད་མི་སུད་ཚོང་བ་ཚོའི་དགོས་མཁོ་འདོན་ཆེད་གྱོན་ཆས་བཟོ་གྲྭ་གསར་འཛུགས་གནང་གལ། དེའི་མ་འོངས་པར་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་ཡོང་ཁུངས་ཆེ་གྲས་ཤིག་ཆགས་སྲིད།
༡༠། བོད་མིའི་སུད་ཚོང་བ་རྣམས་ལ་ཚོང་རྟགས་དང་ཚོང་འགྲེམས་བཟོ་རྒྱུར་དོ་སྣང་དགོས་གལ།
ཅ༽ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་མིའི་འོས་འགན།
༡། བོད་མིའི་སྒྲིག་འཛུགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་ཉམས་ཞིབ་ལྡན་པའི་སྒོ་ནས་བོད་མིའི་དཔལ་འབྱོར་སྲ་བརྟན་ཡོང་རྒྱུར་ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་མཉམ་བཞུགས་གནང་སྟངས་ལམ་སྟོན་གཏན་འབེབས་གནང་དགོས། ལམ་སྟོན་དེ་བཞིན་ཕྱི་རྒྱལ་དུ་གནས་པའི་བོད་མི་རྣམས་མཉམ་བཞུགས་གནང་རྒྱུར་ཁ་གསལ་དང་ལག་བསྟར་ཐུབ་པ་དགོས་གལ།
༢། ཕྱི་རྒྱལ་དུ་གནས་པའི་བོད་རིགས་རྣམས་ཀྱི་ལམ་སྟོན་དང་མ་འཛུགས་ཐོག་ཆ་ཤས་ལེན་རྒྱུ་གལ་ཆེ་ལེན་ཐུབ།
༣། དེ་དག་ནས་དཔེར་ན། དཔར་འབྱོར་ལྟེ་གནས་ཁང་དང་། ཞིང་ལས་ཐོན་རྫས་ཚོང་གཉེར། རིག་གཞུང་དང་འབྲེལ་བའི་ཡུལ་སྐོར་སྤྲོ་འཆམ་འཛུགས་བསྐྲུན་ཁག་གསར་འཛུགས་སྐབས་འཛིན་སྐྱོང་བྱེད་ཕྱོགས་ཐོག་ལམ་སྟོན་དང་སྤྱི་ཡོངས་ཀྱི་འགན་འཁུར་ཞུ་ཐུབ།
༤། དེ་དག་གིས་ཚོང་ལས་ཆུང་ཚགས་གཉེར་མཁན་དང་དོན་གཉེར་ཅན་རྣམས་ལ་མ་རྩ་དང་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུར་དགོས་དངུལ་གྱི་མཐུན་འགྱུར་ཞུ་ཐུབ་པ་མ་ཟད། མ་རྩ་འཛུགས་ཕྱོགས་ཀྱི་སྒྲོམ་གཞི་དང་ལག་ལེན་འཁེལ་རྒྱུར་ལམ་སྟོན་ཚད་ལྡན་བཟོ་ཐུབ།
༥། བོད་མིའི་སྒྲིག་འཛུགས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་པའི་བོད་རིགས་མཉམ་མུ་མཐུད་འབྲེལ་ལམ་འཇོག་ཕྱིར་ལམ་སྟོན་གྱི་བརྒྱུད་རིམ་ཁག་ཁ་གསལ་དགོས་གལ།
༦། ཕྱི་རྒྱལ་དུ་གནས་སྡོད་བོད་རིགས་མཉམ་མུ་མཐུད་འབྲེལ་ལམ་འཇོག་གལ། འབྲེལ་ལམ་དེ་དག་རྒྱུན་འཁྱོངས་དང་སྲ་བརྟན་དགོས་གལ།
༧། སྐུ་ཚབ་དོན་གཅོད་ཁག་དང་བོད་རིགས་ཚོགས་པ་རྣམས་ནས་དཔལ་འབྱོར་སྲ་བརྟན་ཡོང་སླད་ཁུལ་དེར་གནས་སྡོད་བོད་མིའི་མཉམ་འབྲེལ་ཞུས་ཀྱིས་མུ་མཐུད་བསྐུལ་མ་ཞུ་གལ།
༨། བོད་མིའི་སྒྲིག་འཛུགས་ནས་ཕྱི་རྒྱལ་དུ་གནས་སྡོད་བོད་མིའི་ཚོང་དོན་ལྷན་ཚོགས་ཤིག་གསར་འཛུགས་གནང་གལ། ལྷན་ཚོགས་དེའི་དཔལ་འབྱོར་སྲ་བརྟན་བཟོ་རྒྱུར་འབྲེལ་ལམ་གྱི་སྒྲོམ་གཞི་དང་མུ་མཐུད་དཔལ་འབྱོར་ཡར་རྒྱས་ཐོག་ལས་ཀ་བྱེད་ཐུབ་པ་དང་། མ་རྩ་རྒྱ་སྐྱེད་དང་ལམ་སྟོན་སློབ་གསོ་སོགས་ཀྱི་མཐུན་འགྱུར་ཞུ་ཐུབ།
༩། ད་དུང་བོད་མིའི་སྒྲིག་འཛུགས་ནས་བཀའ་ཤག་ལ་དཔལ་འབྱོར་ཡར་རྒྱས་དང་གོ་སྐབས་སོགས་ཀྱི་ཐོག་ལམ་སྟོན་འབུལ་མཁན་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སློབ་སྟོན་ཚོགས་ཆུང་ཞིག་ཟུར་འཛུགས་གནང་གལ།
དགོངས་འཆར་འཕར་མ།
༡། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་དང་འབྲེལ་བའི་ལས་གཞི་བསྐྲུན་རྒྱུར་ཁོར་ཡུག་བསྐྲུན་དགོས། ཚོང་ལས་གསར་པ་དང་གཞི་རྒྱ་ཆེན་པོ་སྤེལ་མཁན་ཁག་ལས་གཞི་ལག་བསྟར་མ་བྱེད་གོང་ཁྲོམ་རའི་གནས་སྟངས་སོགས་ལ་ཞིབ་འཇུག་སླད་ཁྱད་ལས་པ་གླ་གཡར་ཞུ་དགོས། ཚོང་ལས་དང་འབྲེལ་བའི་མཐུན་གྲོགས་དང་། དགོས་དངུལ་མཁོ་འདོན། མཐུན་རྐྱེན་གཞན་དང་ཁྱད་ལས་པ་སོགས་ཀྱི་མཐུན་རྐྱེན་ཚང་དགོས། ཚོང་ལས་གསར་འཛུགས་དང་འགྲེམས་སྟོན་ཆེད་མ་རྩའི་མཐུན་འགྱུར་དགོས་གལ།
༢། ཚོང་ལས་དེ་དག་ལས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་མཐུན་འགྱུར་ཐོབ་རྒྱུར་ཐབས་ལམ་འཚོལ་དགོས། ཚོང་ལས་གཉེར་མཁན་ནས་དཔལ་འབྱོར་གྱི་མཐུན་འགྱུར་ཐོབ་སྟེ་མ་འོངས་པར་ཕྱིའི་སྦྱིན་བདག་སོགས་ལ་བརྟེན་མི་དགོས་པའི་རང་ཁ་རང་གསོ་ཐུབ་པ་བཟོ་གལ།
༣། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་ཁྲོམ་རྭའི་ནང་མ་འཇོག་བྱེད་དེ་མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་བཟོ་རྒྱུར་འབད་དགོས།