ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཙམ་ལ་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་འདུའི་སྐབས་དང་བསྟུན་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་ས་གནས་འགོ་འཛིན་གྲངས་ ༤༡ ལ་དྭང་བླངས་དཔྱ་དངུལ་དང་། གདུང་སེམས་མཉམ་སྐྱེའི་ཞལ་འདེབས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བཅས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་དོན།
ས་གནས་འགོ་འཛིན་རྣམ་པའི་ཚོགས་འདུ་ག་དུས་ཚོགས་པ་ཡིན་ནའང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་སྐད་ཆ་ཤོད་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད། དེ་རིང་འདིར་ངས་སྡེ་ཚན་བཞིའི་ཐོག་ཚིག་ཁ་ཤས་ཞུ་རྒྱུ་ཡིན། དང་པོ་ནི་དྭང་བླངས་དཔྱ་དངུལ་སྐོར་དང་། གཉིས་པ། གདུང་སེམས་མཉམ་སྐྱེའི་ཞལ་འདེབས་སྐོར། གསུམ་པ། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་བརྒྱུད་དེ་སྔ་དང་མི་འདྲ་བ་ལས་གཞི་ཆེ་རུ་ཕྱིན་ཡོད་སྟབས། དེ་ལ་དཔགས་པའི་དགོས་མཁོ་དང་ཆ་རྐྱེན་སོགས་ཀྱི་སྐོར། བཞི་པ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་སྐོར་ངོ་སྤྲོད་ཞུ་རྒྱུ་ཡིན།
བཅའ་ཁྲིམས་ནས་བསྐུར་བའི་བོད་མི་ཡོངས་ཀྱི་ལས་འགན་དང་བླངས་དཔྱ་དངུལ་འབུལ་རྒྱུ་ནི་ཞུ་མི་དགོས་པར་གལ་ཆེན་པོ་ཆགས་ཡོད། དེ་སྔ་ཡིན་ན་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཡོངས་ལ་རྩིས་ཞིབ་ལས་ཁུངས་ནས་རྩིས་ཞིབ་བྱེད་ཀྱི་མེད། བར་སྐབས་ནས་འཛིན་སྐྱོང་གི་སྒྲིག་གཞི་ཟུར་འཛར་ནང་ཚུད་ནས་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ཚང་མར་རྩིས་ཞིབ་གནང་བཞིན་ཡོད་པར་བརྟེན་དེ་ལ་དཔགས་པའི་དཀའ་ངལ་མང་པོ་ཞིག་ཐོན་ཡོང་གི་འདུག དཀའ་ངལ་ཆེན་པོ་གང་ཡང་མ་རེད། རྣམ་པ་ཚོ་ལ་འདིའི་སྐོར་དྲན་སྐུལ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཀའ་ཤག་གི་བཀའ་འབྲེལ་ལྟར་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་ཡོངས་ལ་བཀོད་ཁྱབ་ཞིག་བཏང་ཡོད་པའི་ནང་དོན་ཚན་གཙོ་བོ་འགའ་ཤས་ཤིག་ཡོད།
རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ནང་ཕྱག་ལས་གནང་མཁན་རྣམས་འོས་བསྡུ་གནང་སྟེ་ཕྱག་ལས་གནང་བཞིན་ཡོད་པ་མ་ཟད། ཁོ་ཚོར་དམིགས་བསལ་ལས་དོད་ཀྱང་ཐོབ་བཞིན་ཡོད། དངུལ་བསྡུས་ནས་ཡུན་རིང་ལྷག་པའི་རྙོག་གྲ་མི་ཡོང་སླད་བཀོད་ཁྱབ་ནང་ས་གནས་རང་བདེན་ཚོགས་ཆུང་ནས་དངུལ་རྐྱང་སྒོར་ ༢༠༠༠ ལྷག་ཉར་མི་ཆོག་པར་ངེས་པར་དུ་ས་གནས་འགོ་འཛིན་ལ་འབུལ་དགོས་ཀྱི་ཡོད། ས་གནས་འགོ་འཛིན་ནས་སྒོར་ ༥༠༠༠ བརྒལ་བ་ཡིན་ན། དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་འཛིན་སྐྱོང་བདེ་དོན་ལྷན་ཚོགས་ལ་དངུལ་ཁང་བརྒྱུད་འབུལ་དགོས་པའི་བཀོད་ཁྱབ་སྔོན་མ་ནས་ཡོད་པ་རེད།
ས་གནས་རང་བདེན་ཚོགས་ཆུང་ལ་རྩིས་ཞིབ་བྱེད་རྒྱུ་འགོ་བཙུགས་ནས་ལོ་གཉིས་གསུམ་ཙམ་མ་གཏོགས་འགྲོ་ཡི་མེད། ཕྱིས་སུ་རྩིས་ཞིབ་སྙན་ཐོ་ནང་དཀའ་ངལ་ཐོན་སྟབས། དེ་རིང་ངས་འདིར་འདིའི་སྐོར་ཞུ་ན་བསམ་བྱུང་། ས་གནས་འགོ་འཛིན་ཕལ་ཆེ་བས་ལོ་རང་བཀག་གི་ཕྱི་ཟླ་ ༤ ཚེས་ ༡ ནས་ལོ་རྗེས་མའི་ཕྱི་ཟླ་ ༣ ཚེས་ ༣༡ བར་ཉར་ནས་ཚུར་སློག་མཁན་དེ་འདྲ་ཡོད་ས་རེད། དངོས་གནས་བྱས་ན་སྒོར་ ༥༠༠༠ བརྒལ་ན་ཡར་འབུལ་དགོས་ཀྱི་ཡོད། དེར་བརྟེན་རྣམ་པ་ཚོ་རྩ་འཛིན་དེ་གཟིགས་ནས་དམ་དོན་གནང་རོགས། རྩ་བས་རྣམ་པ་ཚོ་ཕྱག་ལས་ཧ་ཅང་ཡག་པོ་གནང་གི་ཡོད། འོན་ཀྱང་སྐབས་རེ་རྩིས་ཀྱི་ཐོག་ནས་དོན་མེད་དཀའ་ངལ་འཕྲད་ན་ཕན་ཐོགས་གང་ཡང་མེད།
ནང་སྲིད་ཁྱབ་ཁོངས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་ཡོད་པའི་སྐབས་སུ་ངས་གདུང་སེམས་མཉམ་སྐྱེའི་ལག་དེབ་སྔོན་པོ་སྐོར་ཞུ་རྒྱུ་བྱུང་། སྐབས་དེ་དུས་དང་ད་ལྟའི་བར་གནས་སྟངས་ཡར་རྒྱས་ཧ་ཅང་ཕྱིན་ཡོད། བཀའ་ཤག་སྐབས་གོང་མའི་གོང་མ་སྐབས་གདུང་སེམས་མཉམ་སྐྱེའི་ལག་དེབ་སྔོན་པོ་བརྒྱུད་མི་ས་ཡ་གཅིག་གི་དམིགས་ཚད་བཟུང་འདུག མི་གྲངས་ས་ཡ་གཅིག་ཧ་ལམ་ལོང་ས་མ་རེད། བཀའ་ཤག་འདིའི་དུས་ཡུན་ལ་མི་གྲངས་ཁྲི་གཅིག་ལོང་ཐུབ་ཐབས་འབད་བརྩོན་བྱེད་བཞིན་ཡོད། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ བར་ལག་དེབ་སྔོན་པོ་བརྒྱུད་དངུལ་འབུལ་མཁན་མི་གྲངས་ ༧༢༧༦ ཡོད་པའི་ཁོངས་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་ནས་མི་གྲངས་ ༢༡༤༨ འདུག མི་གྲངས་ཁྲི་གཅིག་བཟོ་རྒྱུ་ལས་ལྷག་ཚོགས་མི་དེ་དག་གིས་མུ་མཐུད་དངུལ་འབུལ་རྒྱུ་དེ་བས་གལ་ཆེ་བ་རེད།
སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་མཚོན་ན། དེ་སྔ་དང་བསྡུར་བ་ཡིན་ན་ལས་གཞི་ཆེ་རུ་དང་རོགས་དངུལ་མང་དུ་ཕྱིན་ཡོད། ལས་གཞི་སྤེལ་བའི་སྐབས་ཆ་རྐྱེན་མང་པོ་ཡོད། སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ནི་རྒྱ་གར་ནང་དེབ་བསྐྱེལ་ཡོད་པའི་ཚོགས་པ་ཞིག་རེད། དེ་ཡང་འབབ་ཁྲལ་ལས་ཁུངས་དང་རྒྱ་གར་ཕྱི་དངུལ་ལེན་བེད་ཀྱི་ཁྲིམས་སྒྲིག་འོག་འགྲོ་དགོས་པ་དང་། རྒྱ་གར་གྱི་ཁྲིམས་དང་བསྟུན་དགོས་པ། རོགས་ཚོགས་ཀྱི་དམིགས་ཡུལ་ལྟར་འགྲོ་དགོས་པ། བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ནང་ཡོད་པའི་སྒྲིག་གཞི་ཁག་དང་བསྟུན་དགོས་སྟབས། དཀའ་ལས་ཁག་པོ་ཡོད་ནའང་གཙོ་བོ་རྒྱ་གར་གྱི་ཁྲིམས་དང་བསྟུན་ནས་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རོགས་དངུལ་སྤྲད་དུས་དེ་སྔ་དང་མི་འདྲ་བ་བྱ་ར་སྟངས་འཛིན་དང་དཔྱད་ཞིབ་ཡོད། ནང་སྲིད་ཀྱིས་སོ་ནམ་ལས་གཞི་དང་། དཔལ་འབྱོར་ལས་ཁུངས་ཀྱི་བུ་ལོན་ལས་གཞི། འཕྲོད་བསྟེན་དང་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་ཡིན་ནའང་རེད། མཐར་ས་གནས་ས་ཐོག་ཏུ་ལག་བསྟར་གནང་བའི་སྐབས་ས་གནས་འགོ་འཛིན་རྣམ་པ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནི། བཀའ་ཤག་རིམ་པ་གསུམ་བཞིའི་གོང་ནས་དགོངས་པ་བཞེས་ཡོད། དང་པོ་དངུལ་ཁང་ཆུང་བ་མིན་པར་དཔལ་འབྱོར་གྱི་སྡེ་ཚན་ཞིག་འཛུགས་རྒྱུ་དགོངས་པ་བཞེས་འདུག འོན་ཀྱང་དེར་འགྱུར་བ་ཕྱིན་ནས་དངུལ་ཁང་ཆུང་བ་ཞིག་འཛུགས་རྒྱུའི་འཆར་གཞི་སླེབས་འདུག་ཀྱང་དེར་དཔྱད་ཞིབ་བྱེད་མཁན་བྱུང་མི་འདུག བཀའ་ཤག་སྐབས་ ༡༥ སྐབས་ལས་དང་བསོད་ནམས་སོགས་ལ་བརྟེན་ནས་ད་ཆ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འདི་དཔལ་འབྱོར་གྱི་སྡེ་ཚན་དུ་འཛུགས་རྒྱུར་ཐོག་མ་དགོངས་པ་བཞེས་ནས་བཀའ་ཤག་གིས་བཀའ་འཁྲོལ་ཐོབ་སྟེ་དཔལ་འབྱོར་ལས་ཁུངས་ནས་ཆེད་མངགས་འགན་ཁུར་བའི་ཐོག་བོད་མི་གཞོན་སྐྱེས་རྩིས་དང་ཚོང་ལས་ཐོག་སློབ་སྦྱོང་གནང་མཁན་ཁག་གཅིག་ལ་ཟླ་གྲངས་གཉིས་རིང་ཟབ་སྦྱོང་གནང་སྟེ། བདུན་ཕྲག་རེར་ཡིག་རྒྱུགས་བཏང་བའི་གྲུབ་འབྲས་ལ་གཞིགས་ནས་མི་གྲངས་དྲུག་དྲག་འདེམ་གནང་བ་བརྒྱུད་ཕྱག་ལས་གནང་བཞིན་ཡོད། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༧ ཉིན་ནས་རྒྱ་གར་གཞུང་གི་ཚོང་ལས་སྡེ་ཚན་གྱི་བློན་ཆེན་ལས་ཁུངས་འོག་ Corporate law གཞིར་བཟུང་དེབ་བསྐྱེལ་ཞུས་ཟིན་པ་རེད། དེབ་བསྐྱེལ་ཟིན་རྗེས་ནང་སྲིད་ལས་ཁུངས་ཀྱི་དབུས་ངལ་སེལ་ཚོགས་པ་ཡིན་ནའང་རེད། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ། ཡིད་ཆེས་དགེ་རྩ། འཛིན་སྐྱོང་བདེ་དོན་ལྷན་ཚོགས། འཕྲོད་བསྟེན་ལས་ཁུངས་ཀྱི་དྭང་བླངས་འཕྲོད་བསྟེན་ཚོགས་པ། ཤེས་རིག་ལས་ཁུངས་ཀྱི་བྱིས་པའི་སློབ་ཡོན་ཚོགས་པ། ཆོས་རིག་ལས་ཁུངས་ཀྱི་ཆོས་དང་རིག་གཞུང་ཚོགས་པ་བཅས་ཁེ་མེད་ཀྱི་ཚོགས་པ་ཤ་སྟག་ཡིན་སྟབས་ཁྲལ་ཐོག་ཆག་ཡང་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་མཚོན་ན་ཁེ་ཡོད་ཀྱི་ཚོགས་པ་ཡིན་པ་མ་ཟད། ཁྲལ་ཡང་སྤྲད་དགོས་པའི་ཚོགས་པ་ཞིག་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས། །