ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ ཡོལ་ཙམ་ལ་རྡ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་འདུ་བསྐོང་འཚོགས་གནང་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་གྲངས་ ༤༡ མཉམ་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་མར་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཚོགས་འདུ་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་གསུང་བཤད་གནང་དོན། ང་ཚོའི་གཞིས་ཆགས་ཕལ་ཆེ་བའི་འཚོ་རྟེན་དེ་སོ་ནམ་འདེབས་ལས་དང་འབྲེལ་བ་ཆགས་ཡོད། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༦༠ ཕྱིན་ཡོད། སོ་ནམ་འདེབས་ལས་ཐོག་ཚད་དང་ལྡན་པའི་སྲིད་བྱུས་ཤིག་ད་ལྟའི་བར་དུ་གཏན་འབེབས་གནང་ཐུབ་མི་འདུག གཞིས་ཆགས་ཁག་ཏུ་ས་ཆ་མང་པོ་ཡོད་ཀྱང་། ང་རང་ཚོས་བསམ་པ་ནང་བཞིན་སོ་ནམ་འདེབས་ལས་རྩ་བ་ནས་བྱེད་ཀྱི་མེད།
བོད་མི་ཆིག་འབུམ་ཆིག་ཁྲི་ཙམ་གྱིས་ཕྱི་སྐྱོད་ལག་འཁྱེར་ IC བཟོས་ཟིན་པ་རེད། མཐོང་མཆན་ལག་འཁྱེར་ VISA རག་པ་ཡིན་ན། ཕྱི་རྒྱལ་ལ་འགྲོ་རྒྱུའི་བསམ་བློ་ཡོད་པ་རེད་མ་གཏོགས་སྡོད་རྒྱུའི་བསམ་བློ་མེད་པ་རེད། དེ་འདྲའི་རྐྱེན་པས་གཞིས་ཆགས་ཁག་ཏུ་སོ་ནམ་འདེབས་ལས་ཀྱི་ལས་ཀ་དེ་སྤུས་དག་པོ་ཡོང་ཐུབ་ཀྱི་མི་འདུག ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་ནི་བོད་མིའི་སྒྲིག་འཛུགས་ལས་མི་སྒེར་པ་ཕྱུག་པོ་ཆགས་ཡོད། འོན་ཀྱང་ང་ཚོ་གཞིས་ཆགས་ཁག་ཏུ་ཕྱིན་པའི་སྐབས།
༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་རང་དཔལ་འབྱོར་གྱི་གནས་སྟངས་འགྲིག་ཙམ་ཡོད། བོད་མིའི་སྒྲིག་འཛུགས་ལ་རོགས་རམ་བྱེད་དགོས་པ་འདུག་གམ་ཞེས་གསུང་མཁན་ཧ་ཅང་ཉུང་ཉུང་རེད། བློ་ཕམ་ཆེ་ཤོས་ཤིག་དེ་རེད། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་དེ་རང་ཡུལ་བོད་ལ་ཕྱིར་ལོག་རྒྱུ་དེ་ཡིན་པ་ལས། ང་ཚོ་རྒྱ་གར་ནང་གཞིས་ཆགས་ནས་སྡོད་རྒྱུ་དེ་ང་ཚོའི་དམིགས་ཡུལ་རྩ་བ་ནས་མ་རེད། རྒྱ་གར་ཕྱི་སྲིད་དང་ནང་སྲིད་ལས་ཁུངས་ནས། གལ་ཏེ་བོད་མི་གཅིག་གིས་རྒྱ་གར་གྱི་མི་སེར་བཟོས་པ་ཡིན་ན། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མི་ཚོར་གནང་བའི་ཐོབ་ཐང་དེ་དོར་དགོས་རེད། ཅེས་གསལ་པོར་གསུངས་ཡོད། དེར་བརྟེན་གལ་ཏེ་རྒྱ་གར་གཞུང་གིས་གནང་བའི་བཙན་བྱོལ་བའི་ཐོབ་ཐང་ཡོད་པའི་བོད་མི་ཞིག་ཕྱི་རྒྱལ་མི་སེར་བཟོས་པ་ཡིན་ན།
ཁོང་གིས་རྒྱ་གར་གཞུང་གིས་གནང་བའི་བཙན་བྱོལ་བའི་ཐོབ་ཐང་དེ་རྩ་བ་ནས་རྩོད་རྒྱུ་མེད། ང་ཚོས་རྒྱ་གར་གཞུང་ལ་བཙན་བྱོལ་བོད་མིའི་མི་འབོར་གྱི་གྲངས་ཐོ་འབུལ་དགོས་ཡོད་སྟབས། ས་གནས་འགོ་འཛིན་རྣམ་པ་ཚོས་འགན་འཁྱེར་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༣༡ ནང་ཚུད་ལ་ས་གནས་སོ་སོའི་བཙན་བྱོལ་བོད་མིའི་མི་འབོར་གྱི་གྲངས་ཐོ་ངེས་པར་དུ་ནང་སྲིད་ལས་ཁུངས་ལ་འབུལ་དགོས་པའི་དགོངས་པ་བཞེས་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་ནང་སྲིད་ཟུང་དྲུང་བདུད་འདུལ་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ་ཡོད་པ་བཅས། །