ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པས་རྒྱ་ནག་གཞུང་ལ། བོད་མི་ཆབ་སྲིད་བཙོན་པ་བརྒྱད་ཅུར་དྲང་བདེན་མིན་པའི་ཁྲིམས་ཆད་འོག དུས་ཡུན་རིང་པོར་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་ཡིན་སྟབས། བོད་མི་དེ་དག་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
འདི་གར་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་གནས་ཚུལ་བཏང་བའི་ནང་འཁོད་དོན་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་བྱས་པ་དང་། གཙོ་བོ་དོན་རྐྱེན་དེ་དང་འབྲེལ་བའི་བོད་མི་དགེ་འདུན་པ་ཁག་གཅིག་གིས་གཙོས་བོད་མི་རྣམས་ལ་ཡུན་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཞིག་ཡིན་ཡང་། བོད་མི་དེ་དག་གི་ཁོངས་ནས་བཅུ་ཙམ་ཞིག་རང་ལུས་མེར་སྲེག་གི་དོན་རྐྱེན་དང་འབྲེལ་ནས་འཛིན་བཟུང་བཙོན་འཇུག་བྱས་པ་ཡིན་འདུག
བོད་མི་དེ་དག་གིས་འཚེ་མེད་ཞི་བའི་ལམ་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱས་པ་ཞིག་ལས་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་བསགས་མེད། དེར་བརྟེན་ཁོང་རྣམས་དུས་ཡུན་རིང་མོར་བཙོན་འཇུགས་བྱས་པ་དེ་ཁྲིམས་འགལ་རེད། ཅེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ལྕམ་སོ་ཕི་རི་ཆ་ཌི་སན་ Sophie Richardson མཆོག་གིས་གསུང་ཡོད།
དེ་ཡང་རྟོག་ཞིབ་ཚན་པའི་སྙན་ཐོ་ལྟར་ན། བོད་མི་དེ་དག་ལ་རྒྱ་ནག་ཁྲིམས་ཁང་གིས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པ་དང་། ཁ་བྲལ་གྱི་བྱ་སྤྱོད་སྤེལ་ཚུལ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་ཚུལ་སོགས་གཞི་མེད་སྨྱོན་འཛུགས་དང་། མ་ཉེས་ཁ་ཡོག་བྱས་ཡོད། ཐེངས་འདིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པའི་ཐོ་གཞུང་ནང་གསལ་བའི་བོད་མི་ཆབ་སྲིད་བཙོན་པ་དེ་དག་ཁྲོད་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། ཆོས་ཕྱོགས་ཀྱི་དབུ་ཁྲིད། དགེ་འདུན་པ། ཁྱད་ལས་པ་སོགས་ཚུད་ཡོད།
བོད་མི་དེ་དག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོག་མའི་ཆར་གོ་ཐོས་ཙམ་ལས་ད་བར་ཁོང་ཚོའི་གནས་སྟངས་ཇི་ཡིན་དང་། ས་གནས་གང་དུ་ཡོད་མེད། གཟུགས་བབ་འཕྲོད་བསྟེན་གྱི་གནས་སྟངས་ཇི་འདྲ་ཡིན་མིན་ཤེས་རྟོགས་རྩ་བ་ནས་ཐུབ་ཀྱི་མེད། ནང་མི་སྤུན་མཆེད་ཚོས་རྩད་གཅོད་ཇི་ཙམ་བྱས་ཀྱང་ཤེས་རྟོགས་ཐུབ་མེད།
དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པས་བརྗོད་དོན། བཙོན་ཁང་ནང་ཉེས་རྡུང་སོགས་བཏང་རྗེས་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྤྲད་པར་བརྟེན་བཙོན་པ་དེ་དག་གི་གཟུགས་པོའི་གནས་སྟངས་ཐད་ང་ཚོར་དོན་དམ་སེམས་འཚབ་ཤུགས་ཆེ་འདུག བཙོན་པ་ཁག་གཅིག་བཙོན་ཁང་ནས་ཛ་དྲག་སྨན་ཁང་དུ་ཁྲིད་པའི་གནས་ཚུལ་འདུག ཅེས་སེམས་འཚབ་གནང་བ་དེར་རྒྱུ་མཚན་འདུག གང་ཡིན་བརྗོད་ན། ཕྱི་ཟླ་ ༤ ཟླ་དཀྱིལ་དང་ལྔ་པའི་ཚེས་ཤར་བར་བོད་མི་བཙོན་པ་གསུམ་བཙོན་ཁང་ནས་གློད་བཀྲོལ་བྱུང་མཚམས་འདས་གྲོངས་སུ་གྱུར་ཡོད། ཁོང་རྣམས་བཙོན་ཁང་ནང་ཉེས་རྡུང་ཚབས་ཆེ་ཕོག་པར་བརྟེན་ཕྱིས་སུ་གློད་བཀྲོལ་བཏང་ཡོད་ཀྱང་རང་ཁྱིམ་དུ་འབྱོར་ནས་མི་རིང་བར་འདས་གྲོངས་སུ་ཕྱིན་ཡོད།
དམ་པ་ཁོང་གསུམ་ནི། ཡེ་ཤེས་རྒྱ་མཚོ་ལགས་དང་། པདྨ་དབང་ཆེན་ལགས། ལེགས་བཤད་ཐུབ་བསྟན་ལགས་བཅས་ཡིན། བོད་མི་བརྒྱ་ཕྲག་མང་པོར་རྒྱ་ནག་གཞུང་གིས་བཀག་བསྐྱིལ་བྱེད་མུས་དང་། ཁྲིམས་འགལ་ཐོག་བཙོན་འཇུག་བྱས་མུས་རེད། བོད་མི་དེ་དག་གིས་བོད་ལ་གཞིའི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས་པའི་དགོས་འདུན་བཏོན་པ་ཙམ་ལས་ཁྲིམས་འགལ་ནག་ཉེས་གང་ཡང་བསགས་མེད། །