ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་བོད་ཀྱི་ཟློས་གར་ཚོགས་པའི་གོ་སྒྲིག་འོག་བཀའ་ཤག་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བའི་དུས་དྲན་ཁྱད་པར་ཅན་དེ་བཞིན་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། བོད་ཀྱི་ཟློས་གར་དེ་བཞིན་དབུ་བརྙེས་ཏེ་ལོ་ངོ་ ༦༠ ཧྲིལ་པོ་འཁོར་བཞིན་ཡོད་པར་བརྟེན། ལོ་ངོ་ ༦༠ འཁོར་བའི་དུས་ཆེན་གྱི་མཛད་སྒོ་རྒྱས་པ་ཞིག་སྲུང་བརྩི་ཞུ་རྒྱུའི་ཐོག་བོད་ཀྱི་ཟློས་གར་འགན་ཛིན་དང་། འགན་འཛིན་ཟུར་པ། དེ་བཞིན་ཟློས་གར་ནང་ཕྱག་ལས་གནང་མཁན་རྣམས་དང་ལྷན་དུ་བཀའ་བསྡུར་རིམ་པ་བྱུང་རྗེས་ཕྱི་ཟླ་ ༡༠ ཚེས་ ༢༨ ནས་ ༣༡ བར་ཉིན་གྲངས་བཞིའི་རིང་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་གཏན་འཁེལ་ཡོད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཟློས་གར་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ ཉིན་བོད་ཀྱི་ཟློས་གར་གྱི་ཚོགས་ཁང་གསར་པ་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱང་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པ་ནི་ཧ་ཅང་བསྐལ་བ་བཟང་པོ་རེད།
ཐོག་མར་བོད་ཀྱི་ཟློས་གར་བཙུགས་པའི་སྐབས་བོད་ནས་འཁྲབ་སྟོན་གནང་མཁན་འཁྲབ་སྟོན་པ་ཉུང་ཤས་ཤིག་ལ་བྱུང་མེད། ཕལ་ཆེར་འཁྲབ་སྟོན་པ་མི་གྲངས་ ༢༧ ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས། ད་རེས་འཁྲབ་སྟོན་པ་མི་ཉུང་ཤས་ཤིག་ལས་མེད་ཀྱང་དཀའ་ལས་དང་སྙིང་རུས་ཀྱིས་རིམ་པས་འབྲས་བུ་བཟང་པོ་ཐོབ་ཡོང་། ཞེས་བཀའ་སློབ་སྩལ་ཡོད། སྐབས་དེ་དུས་ནས་མགོན་པོ་གང་ཉིད་མཆོག་གིས་ལུང་འདྲེན་གནང་བ་ལྟར་རེད།
བོད་ཀྱི་ཟློས་གར་ནི། བཙན་བྱོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཚང་མའི་ནང་གཞོན་སྐྱེས་ཚོ་གཞས་སྣ་འཁྲབ་སྟོན་ཐུབ་རྒྱུ་དང་། སྒྱུ་རྩལ། དེ་བཞིན་བོད་ཀྱི་ཐུན་མིན་རིག་གཞུང་རྣམས་བདག་གཅེས་དང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ། འཛམ་བུ་གླིང་སྤྱི་ཡོངས་ཀྱི་ནང་དར་སྤེལ་འགྲོ་རྒྱུའི་རླབས་ཆེན་གྱི་བྱས་རྗེས་ཡོད་པའི་སྒྲིག་འཛུགས་ཤིག་ཆགས་ཡོད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་ཐོག་མར་ལས་བྱེད་རྒན་པ་དང་གཞན་སྣ་འཁྲབ་སྟོན་པ་རྣམས་ནས་སྐུ་ལས་ཚད་མེད་བསྐྱོན་པ་ལ་བརྟེན་ནས་གྲུབ་འབྲས་བཟང་པོ་ཐོན་པ་ཞིག་ཡིན། དེར་བརྟེན་མཛད་སྒོ་རྒྱས་པ་ཞིག་སྲུང་བརྩི་ཞུ་དགོས་རྒྱུ་འོས་པ་ཞིག་ཆགས་ཀྱི་ཡོད།
བོད་ཀྱི་ཟློས་གར་ཚོགས་པ་ནི་གལ་ཆེན་པོ་རེད། རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་རིག་གཞུང་ཐོག་ལ་དོ་སྣང་བྱེད་བཞིན་ཡོད་པ་བརྟེན། བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་ཐད་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཞིག་འཚོགས་རྒྱུ་རེད། སྐབས་དེར་བོད་པའི་མཁས་པ་དང་། རྒྱལ་སྤྱིའི་མཁས་པ་ཁག་གཅིག་མཉམ་ཞུགས་གནང་གི་ཡོད། ལྷན་ཚོགས་དེ་བཞིན་ཚོགས་ཆེན་གཞན་དང་མི་འདྲ་བ་མཁས་པ་རྣམས་རྒྱལ་སྤྱིའི་ལྷན་ཚོགས་སུ་མ་ཕེབས་གོང་རྩོམ་ཡིག་སྐུར་དགོས་པ་དང་། མཐར་རྩོམ་རྣམས་ཕྱོགས་བསྒྲིགས་ཀྱིས་དཔེ་དེབ་དཔར་སྐྲུན་ཞུ་རྒྱུ་ཡིན། དུས་ཚིགས་ཁྱད་པར་ཅན་གྱི་མཛད་སྒོའི་སྐབས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་ཟློས་གར་ཟུར་པ་རྣམས་སྐུ་མགྲོན་ཐོག་ཕེབས་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟ་བོད་ཀྱི་ཟློས་གར་གྱི་ཚོགས་ཁང་གསར་པ་འཛུགས་སྐྲུན་ཇི་ལྟར་ལེགས་གྲུབ་ཟིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་གྱི་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་དུས་ཚིགས་ཁྱད་པར་ཅན་གྱི་མཛད་སྒོ་སྐབས་ལས་རིམ་སོགས་སྙིང་བསྡུས་ངོ་སྤྲོད་གནང་བ་དང་། རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་དེ་བཞིན་འཚོགས་གཏན་འཁེལ་ཡོད་པ་དེ་ནི། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱི་ལམ་སྟོན་འོག་བོད་ཀྱི་ཟློས་གར་དང་། ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཉིས་ཀྱིས་གོ་སྒྲིག་གནང་རྒྱུ་ཡིན་སྐོར། བོད་ཀྱི་ཟློས་གར་ཚོགས་པའི་དགེ་ལས་ཟུར་པ་རྣམས་ཕན་ཚུན་འབྲེལ་ཟབ་ཡོང་སླད་ཟློས་གར་ཟུར་པའི་ཚོགས་པ་ཞིག་གསར་འཛུགས་གནང་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསར་འགོད་པས་དྲི་བར་ལན་འདེབས་གནང་སྟེ་གསར་འགོད་གསལ་བསྒྲགས་དེ་བཞིན་ཚགས་ཚུད་པོ་ངང་ནས་གྲོལ་ཡོད།
གསར་འགོད་གསལ་བསྒྲགས་ནང་དོན་གཤམ་གསལ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་ཟློས་གར་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༨ ཉིན་ཚོགས་ཁང་གསར་པ་དབུ་འབྱེད་ཀྱི་རྟེན་འབྲེལ་མཛད་སྒོའི་ཚོགས་མགོན་དུ་ཆིབས་སྒྱུར་གནང་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་བྱུང་བར་བརྟེན། ཕྱི་ཚེས་ ༢༨ ནས་ ༣༡ བར་ཉིན་གྲངས་བཞིའི་རིང་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁག་གོ་སྒྲིག་ཞུ་གཏན་འཁེལ་བ་ཞིག་ཡིན།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་བཅས། དོན་སྙིང་ཤིན་ཏུ་ཟབ་ཅིང་རྟེན་འབྲེལ་བཟང་བའི་འཇིག་རྟེན་ཞི་བདེའི་སྒྲུ་རྩལ་གཟེངས་རྟགས་དུ་རིན་ཆེན་སྣ་ལྔ་ལས་གྲུབ་པའི་བོད་ཀྱི་ལྷ་མོའི་སྔོན་འགྲོ་རྔོན་པའི་སྣང་བརྙན་ཁྱད་པར་ཅན་ཞིག་འབུལ་ལམ་ཞུ་རྒྱུ་དང་། དེ་རྗེས་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་བདུན་ནས་སྒྱུ་རྩལ་མཁས་དབང་ཕྱི་རྒྱལ་བ་གྲངས་ ༡༩ དང་། རྒྱ་གར་དང་བལ་ཡུལ་གཉིས་ནས་སྒྱུ་རྩལ་མཁས་པ་གྲངས་ ༧ བཅས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་ཐད་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས་གཏན་འཁེལ་བ་ཡིན།
དེ་བཞིན་བོད་ཀྱི་ཟློས་གར་དགེ་ལས་ཟུར་པ་རྣམས་ཕན་ཚུན་འབྲེལ་ལམ་དམ་ཟབ་འབྱུང་སླད། ཟློས་ཟུར་ཚོགས་པ་ཞིག་གསར་འཛུགས་བྱ་རྒྱུ་ཡིན། ཐེངས་འདིའི་ཚོགས་ཆེན་སྐབས་འཛམ་གླིང་ཡུལ་གྲུ་ཁག་ ༡༠ ལྷག་ཙམ་ནས་ཟློས་གར་ཚོགས་མི་ཟུར་པ་གྲངས་ ༡༠༠ ལྷག་ཙམ་དང་། ཟློས་དགེ་འོས་སྦྱོང་གྲངས་ ༢༥ ལྷག ལྷ་མོ་ཚོགས་པའི་ཚོགས་མི། དེ་བཞིན་སྒྱུ་རྩལ་བ་གཞན་འགའ་ཞིག་བཅས་མཉམ་ཞུགས་གནང་གཏན་འཁེལ། དུས་དྲན་མཛད་སྒོ་ཚོགས་རིང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་མཁན་རྣམས་ལ་ཞལ་ལག་དང་བཞུགས་གནས་ཀྱི་དོད་ཐོབ་འབུལ་ལམ་ཞུ་རྒྱུ་དང་། རྒྱ་བལ་འབྲུག་གསུམ་ནས་ཕེབས་མཁན་ཚོགས་བཅར་བ་རྣམས་ལ་དུས་ཆེན་རིང་གི་བཞུགས་གནས་དང་། ཞལ་ལག་དང་། ཕེབས་ལམ་གྱི་ལམ་གྲོན་དོད་བཅས་འབུལ་ལམ་ཞུ་རྒྱུ་ཡིན།
གཞན་ཡང་མཛད་སྒོ་ཆེན་མོར་ཆེད་ཕེབས་གནང་མཁན་རྣམས་དང་ཟློས་ཟུར་གཞན་རྣམ་པ། དེ་བཞིན་དམ་ཚིག་གཙང་བའི་ཆེད་གྲོགས་རྣམས་ནས་འབྲེལ་ལམ་སྟབས་བདེ་ཡོང་སླད། དམིགས་བསལ་གྱི་འཇིག་རྟེན་ཞི་བདེར་འགོད་པའི་སྒྱུ་རྩལ་གཟེངས་རྟགས་དང་བཅས་པའི་བསོད་ནམས་ཀྱི་ཞིང་ས་མཆོག་ལ་ཞལ་འདེབས་དང་ཚོགས་ཆེན་གྱི་འགྲོ་གྲོན་གྱི་དོད་སོགས་འབུལ་ལམ་ཞུ་འཆར་ཡོད་རིགས་ལྷག་བསམ་ཅན་རྣམ་པ་ཚོས། གཤམ་གསལ་རྒྱལ་ཁབ་ཁག་གི་ཟློས་ཟུར་འབྲེལ་མཐུད་པ་རྣམས་ལ་འབུལ་ལམ་གནང་རོགས་ཞུ་རྒྱུ་ཡིན།
ཨ་རི་ནིའུ་ཡོག་ནས་བསྟན་འཛིན་ཉི་བསྟན།
ཨ་རི་མི་ནི་སོ་ཊ་ནས་བསོད་ནམས་བཟང་པོ།
ཨ་རི་ཁེ་ལི་ཕོར་ནི་ཡ་ནས་ཚེ་རིང་འབའ་བ།
ཨ་རི་སྦོ་སི་ཊོན་ནས་འཆི་མེད་གཡུ་སྒྲོན།
ཕ་རན་སི་དང་ནི་ཐེར་ལནཌ་ནས་ནོར་བཟང་།
ཨོ་སི་ཀྲི་ལི་ཡ་ནས་སྦྱིན་པ་དངོས་གྲུབ།
སྦེལ་ཇམ་ནས་ངག་དབང་བདེ་ཆེན།
རྒྱགར་ལྷོ་ཕྱོགས་ནས་བསོད་ནམས་དཔལ་འབྱོར།
རྒྱ་གར་ཀ་སྦུག་ནས་བསོད་ནམས་ཆོས་སྐྱིད།
ཨ་རི་མེ་ཌི་སོན་ནས་བསྟན་འཛིན་ཆོས་སྒྲོན།
ཁ་ེན་ཌ་ཊོ་རོན་ཊོ་ནས་རྒན་སྟོབས་རྒྱལ།
ཁེ་ན་ཌ་མོན་ཀྲི་རི་ཡལ་ནས་ཐུབ་བསྟན་བསམ་གྲུབ།
སུད་སི་ནས་ཆེ་རིང་སྟོབས་ལྡན།
ཨ་རི་སྤོརཊ་ལེནཌ་ནས་བསོད་ནམས་ཚེ་རིང་།
རྒྱ་གར་སྤོན་ཊ་ནས་བསོད་ནམས་ཚེ་རིང་།
བལ་ཡུལ་ནས་ཚེ་གསུམ་ལྷ་མོ།
ཟློས་གར་ནས་བསྟན་འཛིན་ཚེ་དཔལ།
༼ ཆོགས་མི་གསར་པ་འཛུལ་ཞུགས་བྱ་འདོད་ཡོད་རིགས་ནས་གོང་གསལ་འབྲེལ་མཐུད་པ་རྣམས་ལ་འབྲེལ་བ་ཡོང་བ་ཞུ། ༽