ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ རེས་གཟལ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ ཐོག་བཞུགས་སྒར་བཙུན་དགོན་དགེ་ལྡན་ཆོས་གླིང་ནང་བསྟན་སློབ་གཉེར་ཁང་གི་ཕྱི་ལོ་ ༢༠༡༨ ལོའི་ཡིག་རྒྱུགས་ཨང་རིམ་རྩེར་སོན་པ་རྣམས་ལ་བྱ་དགའ་གསོལ་རས་གནང་བའི་མཛད་སྒོ་ཚོགས་ཡོད་པ་དང་། དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག དམིགས་བསལ་སྐུ་མགྲོན་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས། དེ་བཞིན་བཙུན་དགོན་དགེ་ལྡན་ཆོས་གླིང་མཁན་རིན་པོ་ཆེ་མཆོག་དང་དགེ་རྒན། བཙུན་མ་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་བཙུན་དགོན་གྱི་མཁན་རིན་པོ་མཆོག་གིས་བཙུན་དགོན་དགེ་ལྡན་ཆོས་གླིང་གི་བྱུང་རབས་ལོ་རྒྱུས་སྙིང་བསྡུས་སྒྲོགས་སྦྱང་གནང་།
དེ་རྗེ་སྐུ་མགྲོན་གཙོ་བོ་མཆོག་གིས་འཛིན་གྲྭ་སོ་སོའི་སྦྱངས་འབྲས་རྩེར་སོན་པ་རྣམས་ལ་ལེགས་གསོལ་བྱ་དགའ་གནང་། བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྤྱི་ཡོངས་སྦྱངས་འབྲས་རྩེ་ཕུད་སོན་པ་རྣམས་ལ་ལེགས་གསོལ་བྱ་དགའ་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཀམ་པུ་ཊར་གྱི་བརྒྱ་ཆ་རྩེར་སོན་པ་རྣམས་ལ་ལེགས་གསོལ་བྱ་དགའ་གནང་བ་དང་འབྲེལ། དམིགས་བསལ་སྐུ་མགྲོན་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས་ཀྱིས་ལོ་འཁོར་བློ་རྒྱུགས་ཆེན་མོའི་སྦྱངས་འབྲས་རྩེར་སོན་རྣམས་ལ་ལེགས་གསོལ་བྱ་དགའ་གནང་།
ཆོས་རིག་བཀའ་བློན་མཆོག་གིས་འཛམ་གླིང་སྤྱི་དང་བོད་བརྒྱུད་ནང་བསྟན་གྱི་གལ་གནད་སྐོར་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ཉམས་ཞིབ་གནང་དགོས་པའི་ཐོག་བཀའ་སློབ་མང་པོ་གནང་གི་ཡོད་པ་ལྟར། རྣམ་པ་ཚོས་དཔེར་ན། གྲྭ་ཚང་གཅིག་གི་ཕར་ཕྱིན་གྱི་འགྲེལ་བའི་ཐོག་སློབ་གཉེར་གནང་བཞིན་པའི་སྐབས། ཞོར་ལ་ཆོས་བརྒྱུད་གཞན་གྱི་ཕར་ཕྱིན་གྱི་འགྲེལ་བའི་ཐོག་ལའང་དེང་དུས་དང་མཐུན་པའི་ཉམས་ཞིབ་ཀྱི་རྒྱུན་འགོ་འཛུགས་ཐུབ་ན་སྙམ་པའི་དྲན་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་། འཛམ་གླིང་སྤྱིའི་ཆ་ནས་ཕྱི་དངོས་པོ་དང་འཕྲུལ་ཆས་སོགས་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། འོན་ཀྱང་དེང་གི་སྤྱི་ཚོགས་ནང་འགྲོ་བ་མིའི་སེམས་ཁམས་འཁྲུགས་པ་དང་སེམས་ནད་ཅན་མང་པོ་ཡོད་པ་མ་ཟད། རང་ཤི་རྒྱག་མཁན་དང་འཇིགས་སྐུལ་རིང་ལུགས་པ་སོགས་མང་པོ་འབྱུང་གི་ཡོད།
དེ་བཞིན་ཤེས་ཡོན་སློབ་གཉེར་ཁང་དང་འཕྲོད་བསྟེན་སྨན་ཁང་སོགས་ཕྱོགས་གཅིག་ནས་བལྟས་པ་ཡིན་ན། ཧ་ལམ་ཚོང་གི་རྟེན་གཞི་ལྟ་བུ་ཆགས་ཡོད། ད་ལྟ་འཛམ་གླིང་སྤྱི་ལ་འཕྲད་བཞིན་པའི་སྡུག་བསྔལ་དེ་དག་སེལ་བར་ནད་བརྒྱ་སྨན་གཅིག་ལྟ་བུ་དེ་བོད་བརྒྱུད་ནང་བསྟན་གྱི་ལྟ་སྒོམ་སྤྱོད་གསུམ་དང་གཞི་ལམ་འབྲས་གསུམ་ཆགས་ཡོད། དེར་བརྟེན་དོན་གནད་འདི་ཚོའི་ཐོག་ལ་རྣམ་པ་ཚོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འབད་བརྩོན་གནང་སྟེ་གཞན་ལ་ཕན་ཐོགས་ཐུབ་པ་བྱ་དགོས། ང་ཚོ་བཙན་བྱོལ་དུ་བསླེབས་ནས་ད་བར་ལོ་ངོ་དྲུག་ཅུ་ཕྱིན་ཡོད། སྔར་བོད་ནང་བཤད་སྒྲུབ་ཀྱི་བསྟན་པ་ཡོད་པ་དེ་དག་འདས་པའི་ལོ་ངོ་དྲུག་ཅུའི་རིང་བཙན་བྱོལ་དུ་ཉར་ཚགས་བྱས་ཐུབ་པ་ནི་ང་ཚོས་དགའ་བ་བསྒོམ་དགོས་པ་དང་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་ཡིན། ཞེས་དང་། དེ་བཞིན་བཀའ་བློན་མཆོག་གིས་བཙན་བྱོལ་དུ་དགོན་སྡེ་ཁག་གི་ནང་གྲྭ་བཙུན་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་དང་གདོང་ལེན་སོགས་ཀྱི་སྐོར་གསུང་བཤད་གནང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བཙུན་མ་ཚོས་སྤྱི་ཚོགས་ལ་ལེགས་སྐྱེས་ཇི་ལྟར་འབུལ་དགོས་པའི་སྐོར་གསུང་བཤད་གནང་།
དེ་རྗེས་སྐྱབས་རྗེ་ཀིརྟི་རིན་པོ་མཆོག་གིས་བཙུན་མ་རྣམས་ལ་གསུང་བཤད་གནང་དོན། རྣམ་པ་ཚོས་གཟེངས་རྟགས་བཞེས་ཐུབ་པ་ཙམ་གྱི་འགྲིག་གི་ཡོད་པ་མ་རེད། རྣམ་པ་ཚོས་མུ་མཐུད་གཞུང་ལུགས་འཆད་ཉན་ཐོག་སློབ་གཉེར་ཡག་པོ་གནང་རོགས། རྣམ་པ་ཚོས་སློབ་གཉེར་གནང་སྟེ་མཐར་བཙུན་དགོན་ཁག་གི་དགེ་རྒན་དང་མཁན་མོ་གནང་ཐུབ་པ་བྱེད་དགོས་པ་མ་ཟད། མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ་དང་ལྡན་པ་ཞིག་ཡོང་བ་བྱོས། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་འཛིན་ཐུབ་མཁན་དང་བོད་ནང་གི་བཙུན་མ་ཁྲི་ཕྲག་མང་པོ་ཡོད་པ་ཚོར་ཡང་ལམ་སྟོན་ཐུབ་མཁན་ཞིག་གནང་དགོས། ན་གཞོན་བཙུན་མ་དེ་དག་ལ་སློབ་གསོ་ཡག་པོ་བརྒྱག་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
དགེ་རྒན་རྣམ་པ་ཚོས་ན་གཞོན་བཙུན་མ་ཚོར་དཔེ་ཁྲིད་གནང་སྐབས་ཆོས་ཕྱོགས་ཀྱི་བག་ཆགས་ཟབ་མོ་ཞིག་གཞག་དགོས། བཙུན་མའི་དགོན་པ་ཚོར་བཅའ་ཡིག་བཟོ་དགོས་རྒྱུ་གལ་ཆེན་པོ་རེད། བཙུན་མ་ཚོས་དགེ་བཤེས་བཏང་ཚར་བ་ཡིན་ནའང་མུ་མཐུད་གཞུང་ཆེན་མོའི་ཐོག་སློབ་གཉེར་གཏིང་ཟབ་གནང་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལ་བབ་པ་ཞིག་རྣམ་པ་ཚོས་གནང་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས། མཇུག་ཏུ་བཙུན་དགོན་གྱི་དགེ་བསྐོས་ནས་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །