ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ Tibetan Scholarship Program ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འགོ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་ཀམ་པུ་ཊར་ཚན་པའི་ཚོགས་ཁང་དུ་ཨ་རི་གཞུང་ཚབ་ནས་སྐུ་ཞབས་ཇེ་བི་དས་ JP Das ལགས་དང་ལྕམ་སྐུ་ Brice Isham ལགས། བོད་ཀྱི་ཐེབས་རྩ་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཆོས་འཕེལ་ལགས། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་སེངྒེ་ལགས། དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་ལགས། དེ་བཞིན་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ཁོངས་སུ་མཉམ་ཞུགས་གནང་མཁན་མི་གྲངས་ ༣༡ བཅས་ཚང་འཛོམས་ཀྱིས་ཐོག་མར་ངག་རྒྱུགས་ལེན་མཁན་རྣམས་ཀྱིས་བཅར་འདྲི་ཡག་པོ་ཡོང་བའི་འཚམས་འདྲི་དང་སྦྲགས་ལས་གཞིར་ས་མིག་ ༦ ཡོད་སྐོར་དང་། ཕྱི་ལོ་ ༢༠༢༠ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ནང་འདེམས་རྒྱུགས་མི་བྱུང་ཚེ་སེམས་ཤུགས་མ་ཆགས་པར་སླར་ཡང་འབད་བརྩོན་གནང་རོགས། ཞེས་སོགས་ཀྱི་་གསུང་བཤད་གྲུབ་མཚམས་ངག་རྒྱུགས་ཀྱི་ལས་རིམ་འགོ་འཛུགས་གནང་།
འདི་ལོ་ཕྱི་ཟླ་ ༤ ཚེས་ ༦ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་དང་སྦེང་ལོར་དུ་སྔོན་འགྲོའི་འདེམས་སྒྲུག་ཟིན་ཏེ་སློབ་མ་ ༩༠ ཁོངས་ནས་ ༣༡ བདམས་ཐོན་བྱུང་ཡོད། ཐེངས་འདིའི་ངག་རྒྱུགས་ལེན་མཁན་ཨ་རི་གཞུང་ཚབ་ནས་སྐུ་ཞབས་ཇེ་བི་དས་ལགས་དང་ལྕམ་སྐུ་ Brice Isham ལགས། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། གཞུང་ཞབས་ཟུར་པ་སྣང་ས་ཆོས་སྒྲོན་ལགས་བཅས་ཡིན་འདུག
སྤྱིར་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ནི། བཙན་བྱོལ་བོད་མིར་སློབ་ཡོན་ལས་གཞི་ཡོད་ཁོངས་ནས་ལས་གཞི་གལ་ཆེན་ཞིག་ཆགས་ཡོད། ཨ་རི་བོད་མིའི་སློབ་ཡོན་ལས་གཞི་འདི་བཞིན་ཨ་རི་གཞུང་གི་དཔལ་འབྱོར་མཐུན་འགྱུར་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨ་རི་བོད་ཀྱི་ཐེབས་རྩ་གཉིས་ཟུང་འབྲེལ་ཐོག་འཛིན་སྐྱོང་འགན་ཁུར་ཞུ་བཞིན་ཡོད། ཨ་རིའི་མཐོ་སློབ་སློབ་ཡོན་ལས་འཆར་འདི་ཉིད་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ནང་གསེས་ཤེས་ཡོན་དང་རིག་གཞུང་སྡེ་ཚན་གྱི་རོགས་སྐྱོར་འོག་ཆ་རྐྱེན་ཚང་བའི་བཙན་བྱོལ་བོད་མི་སློབ་ཕྲུག་རྣམས་ལ་ཨ་རི་ནང་གི་མཐོ་སློབ་ཆེ་ཁག་ཏུ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་སླད་སློབ་ཡོན་གནང་མུས་ཡིན་པ་བཅས། །