༢༠༡༩ ཟླ་ ༥ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༨ ཉིན་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། སློབ་ཕྲུག་ཁག་གཅིག་བཅས་ཚང་འཛོམས་ཐོག་སྐུ་མགྲོན་གཙོ་བོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དུས་རབས་ ༢༡ ནང་འགྲེམས་སྟོན་གྱི་ལས་འགན་སྤྱི་དང་། ལྷག་པར་བོད་མིའི་འཐབ་རྩོད་ནང་མཉམ་ཞུགས་གནང་བའི་འགྲེམས་སྟོན་ཞིག་ཡིན་པའི་ཆ་ནས་སྐབས་བབ་ལས་འགན་གང་ཡིན་སོགས་ཀྱི་སྐོར་གསུང་བཤད་གནང་བ་དང་།
ཕྱོགས་མཚུངས་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འགྲེམས་སྟོན་བརྒྱུད་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་བཞིན་པ་དང་། ལྷག་པར་དེ་སྔ་ཕྱི་ལོ་ ༡༩༥༩ སྔོན་དུ་བོད་རང་བཙན་གཙང་མ་ཡིན་པའི་སྐབས་ཀྱི་དངོས་ཡོད་གནས་སྟངས་བོད་མི་ཙམ་མ་ཟད། རྒྱ་གར་དང་རྒྱལ་སྤྱིའི་ཁྱོན་དུ་གོ་རྟོགས་ལས་འགུལ་ཤུགས་ཆེ་སྤེལ་དགོས་པ་གལ་ཆེ་ཚུལ་སོགས་ཀྱི་སྐོར་གསུངས། སྐབས་དེར་བོད་ཁྱིམ་སྟེང་ཤོད་སློབ་གྲྭ་གཉིས་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་དང་། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ཕེབས་འདུག
རྒྱལ་སྤྱིའི་ཁྱོན་དུ་ལོ་ལྟར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ནས་བཟུང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་ལོ་ལྟར་དེ་ཉིན་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་འདུག
དེ་ཡང་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དེང་སྐབས་དུས་འགྱུར་དབང་གིས་དེ་སྔ་སྲོལ་རྒྱུན་ལྟར་འགྲེམས་སྟོན་བརྗོད་སྐབས། འདས་པའི་གནས་སྟངས་དྲན་གསོ་གཏོང་མཁན་ཙམ་མ་ཡིན་པར། རིག་གཞུང་དང་སྒྱུ་རྩལ་གྱི་ངོ་བོ་མཚོན་པར་བྱེད་པའི་ལས་དོན་སྣ་མང་ཞིག་འགྲེམས་སྟོན་ཁང་བརྒྱུད་ནས་གོ་རྟོགས་སྤེལ་ཐུབ་པ་ཡིན་ན་མི་མང་གང་མང་ལ་ཕན་ཐོགས་ཡོང་ཐུབ་རྒྱུ་ཡིན་སྐོར་དང་། དེང་སྐབས་བརྡ་འཕྲིན་གྱི་དུས་རབས་གསར་པ་འདིའི་ནང་གསར་འགྱུར་བརྒྱུད་ལམ་ལ་དོ་སྣང་ཧ་ཅང་བྱེད་བཞིན་པའི་དུས་སྐབས་ཤིག་ཡིན་ནའང་། སྐབས་རེ་དྲང་བདེན་མིན་པའི་འཁྱོག་བཤད་དར་ཁྱབ་ཆེན་པོ་ཆགས་སྐབས་སྤྱི་ཚོགས་ཀྱི་བདེ་འཇགས་ལའང་གནོད་གཞིར་གྱུར་བར་བརྟེན། འགྲེམས་སྟོན་ཁང་ལའང་དངོས་ཡོད་གནས་སྟངས་ཇི་ཡིན་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་ལས་འགན་ཡོད་སྐོར་གསུངས།
གཞན་ཡང་འགྲེམས་སྟོན་ཚན་པའི་ལས་བྱེད་རིན་ཆེན་རྡོ་རྗེ་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་དང་ལས་བྱེད་སྟོབས་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་བཅས། །