ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། ། འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་གྱིས་ཕྱི་ཚེས ༢༡ སྔ་དྲོར་ཨ་རིའི་རོགས་དངུལ་གྱི་ལས་འཆར་དང་འབྲེལ་བའི་མི་སྣ་ཁག་གཅིག་དང་མཇལ་མོལ་གནང་རྗེས་ཉིན་གུང་ཁེ་ན་ཌ་བྱང་ཁུལ་ཝན་ཁུ་ཝར་གྲོང་ཁྱེར་དུ་ཕེབས་འབྱོར་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་འགྱུར་མེད་ལགས་ཀྱིས་གཙོས་རྒྱུན་ལས་རྣམས་དང་ས་གནས་མི་མང་ནས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༢༢ ཉིན་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ Chuck,Vancouver ཞེས་པའི་གསར་འགོད་པས་བཅར་འདྲི་དང་ལེན་གནང་། དེ་ནས་རྒྱ་གར་གཞུང་ཚབ་པ་མཆོག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ཝན་ཁུ་ཝར་དང་ཁལ་སྒ་རིར་ཡོད་པའི་བོད་མི་རྣམས་རྒྱ་གར་ནང་ཕར་འགྲོ་ཚུར་འོང་སླད་མཐོང་མཆན་གྱི་དཀའ་ངལ་སེལ་ཐབས་སྐོར་བཀའ་བསྡུར་གནང་ཡོད། སྐབས་དེར་གཞུང་ཚབ་པ་མཆོག་གིས་འབྲེལ་ཡོད་ལས་བྱེད་མཉམ་བཀའ་བསྡུར་གནང་སྟེ་གང་མགྱོགས་མཐོང་མཆན་གྱི་དཀའ་ངལ་སེལ་ཐབས་གནང་རྒྱུའི་ཁས་ལེན་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ས་གནས་བོད་མི་བཅུ་ཕྲག་གཅིག་ལྷག་ལ་ལས་ཀ་སྤྲོད་མཁན་ Teera Bread བཟོ་ཚོང་གི་སྤྱིན་བདག་ཚོང་དཔོན་ Michael Lansky ལགས་ཐུག་འཕྲད་གནང་རྗེས་ཁོང་གི་བཟོ་གྲྭར་གཟིགས་སྐོར་གནང་། དེ་ནས་ཁེ་ན་ཌའི་མི་རིགས་དང་པོའི་འགོ་ཁྲིད་ Grand Chief Ed John ལགས་དང་ཐུགས་འཕྲད་གནང་རྗེས་ཇིའུ་ཤི་དང་ཡེ་ཤུའི་ལྷ་ཁང་སོགས་བོད་མི་གཞིས་སྤོས་སྐབས་ཀྱི་སྦྱིན་བདག་རྣམས་དང་ཐུག་འཕྲད་ཀྱིས་ཐུགས་རྗེ་ཆེ་ཞུའི་མགུལ་དར་གནང་།
དེ་རྗེས་ས་གནས་བོད་དོན་ལས་འགུལ་ཁང་ CTC གི་ཚོགས་གཞོན་ Mati ལགས་ཐུག་འཕྲད་གནང་གྲུབ་བསྟུན། ས་གནས་བོད་རིགས་མང་ཚོགས་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་ཡོད། ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་འཚམས་གཟིགས་སྐབས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསྟན་འཛིན་ཚེ་དཔག་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།