ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༨ ཉིན་རྒྱ་གར་མ་ཧཱ་རཱཤ་ཊའི་མངའ་སྡེའི་གྲོང་ཁྱེར་ཨོ་རང་གྷ་བྷཌ་ Aurangabad དུ་རྟེན་གཞི་བྱས་པའི་ནང་ཆོས་སློབ་གཉེར་ཁང་ Lokuttara Mahavihara Bikkhu Training Centre གིས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་མཐོ་ཚད་ཕིཌ་ ༥༠ ཅན་ཞིག་གསར་བཞེང་ལེགས་གྲུབ་ཀྱིས་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་འདུག སྐབས་དེར་ས་གནས་ནང་པའི་རྗེས་འབྲང་པ་ཁྲི་གཅིག་ཙམ་འདུ་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེང་སྐབས་རྒྱ་གར་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དངོས་ཟོག་ཚོང་འབྲེལ་ཤུགས་ཆེར་བཏང་ནས་དཔལ་འབྱོར་འཛུགས་སྐྲུན་རྒྱ་སྐྱེད་གཏོང་ཐབས་བྱེད་བཞིན་པའི་སྐབས་འདིར། འཇམ་པོའི་སྟོབས་ཤུགས་ལ་བསམ་བློ་ཞིག་བཏང་བ་ཡིན་ན་རྒྱ་གར་ནས་དར་བའི་ནང་ཆོས་བརྒྱུད་འཛམ་གླིང་ནང་རྒྱ་གར་གྱི་མཚན་མཐོང་གོང་འཕེལ་ཡོངབ་བྱེད་ཐུབ།
དེ་ཡང་ལོ་རྒྱུས་ཐོག་ནས་བསམ་བློ་བཏང་བ་ཡིན་ན། འཕགས་བོད་ཡུལ་གཉིས་ཆོས་དང་སྐད་ཡིག རིག་གནས་སོགས་ཀྱི་འབྲེལ་བ་དམ་ཟབ་ཡོད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་རྩ་མེད་བཟོ་ཐབས་བྱས་ཀྱང་། གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་བོད་བརྒྱུད་ནང་བསྟན་ད་ཆ་སྔར་དང་མི་འདྲ་བར་འཛམ་གླིང་ས་ཕྱོགས་གང་སར་དོ་སྣང་ཧ་ཅང་བྱེད་གཞི་ཞིག་ཏུ་བསྒྱུར་ཡོད། བོད་ཙམ་མ་ཟད་རྒྱ་ནག་རང་གི་ནང་དུ་ད་ཆ་རྒྱ་རིགས་ནང་པ་ས་ཡ་ ༣༠༠ ལྷག་ཡོད་པ་གསལ་རྟོགས་ཐུབ་པ་དང་། དེ་དག་ཁོངས་ནས་ཕལ་ཆེ་བ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཡིན་འདུག སྤྱིར་ནང་ཆོས་ནི་ལོ་ངོ་ ༢༦༠༠ གོང་རྒྱ་གར་དུ་ཐོག་མར་དར་བ་དང་། དུས་འགྱུར་དབང་གིས་བསྟན་པར་འཕེལ་གྲིབ་སྣ་ཚོགས་བྱུང་ཡོད་ཀྱང་། རིམ་བཞིན་བསྟན་པའི་མེ་རོ་བོད་སོགས་ཡུལ་གྲུ་གང་ས་ནས་སོས་ཏེ་ད་ཆ་འཛམ་གླིང་ནང་དར་ཁྱབ་ཧ་ཅང་བྱུང་ཡོད། འཕགས་བོད་གཉིས་ལོ་རྒྱུས་ཀྱི་འབྲེལ་བ་གཞི་རྩར་བཟུང་ནས་འཛམ་གླིང་ནང་ཞི་བདེ་དང་བྱམས་བརྩེ་གོང་འཕེལ་གཏོང་ཐད་འབད་བརྩོན་གནང་དགོས། ཞེས་སོགས་གསུངས།
སྐབས་དེར་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་ནང་རིགས་དམན་པར་རྩི་བཞིན་པའི་ད་ལི་ཏི་ཚོགས་པའི་དབུ་ཁྲིད། རྒྱ་གར་གྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷཱིམ་རའོ་ཨེམ་བྷེ་ཏི་ཀར་མཆོག་གི་སྐུ་བརྙན་ལ་གུས་འདུད་ཞུས་འདུག
སྤྱིར་ཕྱི་ཚེས་ ༡༧ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་དེའི་ཉེ་འགྲམ་དུ་ནང་པའི་གནས་ཆེན་ཨ་ཇནྟཱ་ Ajanta ཞེས་པ་བྲག་ཕུག་ནང་སྟོན་པའི་མཛད་པ་བཅུ་གཉིས་ལ་སོགས་པའི་རི་མོ་དང་། མཆོད་བརྟེན། དེ་བཞིན་གྲྭ་ཤག་སོགས་དུ་མ་ཡོད་པ་དེ་དག་ལ་གནས་གཟིགས་གནང་འདུག
དེ་ཡང་མཛད་འཆར་ལྟར་ན། དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༡༩ ཉིན་མུམ་བྷེ་རུ་ཕེབས་རྒྱུ་དང་། ཕྱི་ཚེས་༢༠ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌེ་སིར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག དེ་ནས་ཕྱི་ཚེས་ ༢༡ ཉིན་ས་གནས་སུ་མཛད་འཆར་ཁག་ལེགས་གྲུབ་རྗེས་ཕྱི་ཚེས་ ༢༢ ཉིན་ཝན་ཀོ་ཝར་ས་གནས་སུ་མཛད་འཆར་གྲུབ་བསྟུན། ཕྱི་ཚེས་ ༢༤ ཉིན་སན་ཏ་ཕེ་ས་གནས་སུ་མཛད་འཆར་དང་།
དེ་རྗེས་ཕྱི་ཚེས་ ༢༥ ཉིན་བྷོ་སི་ཊོན་ས་གནས་ཀྱི་གཟའ་མཇུག་སློབ་གྲྭའི་མཛད་སྒོར་ཕེབས་རྗེས། ཕྱི་ཟླ་ ༦ ཚེས་ ༡ ཉིན་བྷོ་སི་ཊོན་ས་གནས་སུ་མཛད་འཆར་ཁག་ལེགས་པར་གྲུབ་མཚམས། ཕྱི་ཚེས་ ༢ ཉིན་ནིའུ་ཡོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པ་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་ཏེ། ཕྱི་ཟླ་ ༦ ཚེས་ ༥ ཉིན་ལྡི་ལི་བརྒྱུད་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།