ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་ཁྱོན་མི་གྲངས་ ༤༡ ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས། ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ཡོངས། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་བཅས་ཚང་འཛོམས་ཀྱི་ཐོག་མར་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་དང་། དབུ་མའི་ལམ་གྱི་སྲིད་བྱུས། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་གྱི་གནས་བབ། དེ་བཞིན་ས་གནས་འགོ་འཛིན་རྣམ་པའི་ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་འགོ་འཛིན་རྣམ་པའི་ལས་འགན་གལ་གནད་ཆེ་ཚུལ་དང་། ད་བར་ས་གནས་འགོ་འཛིན་རྣམ་པས་ས་གནས་སུ་མཐུན་རྐྱེན་ཇི་ཡོད་ལ་མ་ལྟོས་པར་རང་ནུས་གང་ཐུབ་འབད་བརྩོན་གནང་བཞིན་ཡོད་ཀྱང་། སྐབས་རེ་འབྲེལ་ཡོད་ལྷན་ཁང་མིན་པའི་ལྷན་ཁང་གཞན་དཔེར་ན་ཤེས་རིག་དང་འཕྲོད་བསྟེན་ལ་སོགས་པའི་ལས་དོན་བྱེད་སྒོའི་ཐོག་ལའང་དེ་མཚུངས་ཧུར་བརྩོན་གནང་གལ་ཆེ་སྐོར་དང་།
སྤྱིར་ཐེངས་འདིར་ས་གནས་འགོ་འཛིན་རྣམ་པ་ཕྱི་ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་མཛད་སྒོའི་ཐོག་མགྲོན་འབོད་ཞུས་པ་ཞིག་ཡིན་ཡང་། ཐེངས་འདིར་སྟབས་ཅིག་དོན་གཉིས་ལྟ་བུ་ས་འགོ་ལྷན་ཚོགས་གནང་བ་ཞིག་ཡིན་པ་དང་། སྲིད་སྐྱོང་མཆོག་ལ་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་གསུང་བཤད་གནང་དགོས་པ་ཞུས་ཡོད་སྐོར་སོགས་གསུངས།
གཞན་ཡང་སྲིད་སྐྱོང་མཆོག་གིས་ས་གནས་འགོ་འཛིན་རྣམ་པ་ཕྱིར་ཕེབས་མཚམས་དེ་སྔ་ལྟར་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་དང་། བཀའ་ཤག་གི་ནང་ཤེས་འཕྲོད་གསུམ་གཙོ་བོར་གྱུར་བའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་བདེ་སྡུག་ལ་གཟིགས་སྐྱོང་གང་ཐུབ་གནང་རྒྱུར་ངལ་བ་ཁྱད་གསོད་ཐོག་འབད་བརྩོན་མུ་མཐུད་གནང་དགོས་པའི་འབོད་སྐུལ་གནང་།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲུད་བྱུས་ ༢༠༡༤ ཞེས་རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་འབྲེལ་ཡོད་མངའ་སྡེ་སོ་སོའི་ནང་གཏན་འབེབས་ཐུབ་མིན་སྐོར་དང་། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གང་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་དམིགས་ཡུལ་དང་ལས་དོན་གནང་ཕྱོགས། དེ་བཞིན་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་སྐོར། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས། འཛམ་གླིང་ནང་འགྱུར་བ་ཤུགས་ཆེ་འགྲོ་བཞིན་ཡོད་སྟབས། དེ་དང་བསྟུན་ནས་ལས་འགུལ་སྤེལ་དགོས་གལ་སོགས་ཀྱི་གསུང་བཤད་གནང་། །