ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །ཨོ་སི་ཊི་ལི་ཡའི་སྲིད་བློན་སི་ཁོ་ཊི་མོ་རི་སན་ Scott Morrison མཆོག་གི་ཆབ་སྲིད་ཚོགས་པ་སྟེ་ཨོ་སི་ཊི་ལི་ཡའི་གུ་ཡངས་ཆབ་སྲིད་ཚོགས་པ་The Liberal Party of Australia དང་ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་ National Party of Australia གཉིས་ཟུང་འབྲེལ་ཐོག་ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཨོ་སི་ཊི་ལི་ཡའི་སྲིད་བློན་སི་ཁོ་ཊི་མོ་རི་སན་མཆོག་གིས་གཙོས་ཁོང་གི་ཆབ་སྲིད་ཚོགས་པར་དགའ་བསུའི་འཚམས་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། སྲིད་བློན་མཆོག་དང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པ་ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་པར། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུ་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཨོ་སི་ཊི་ལི་ཡ་གཞུང་གིས་ད་བར་བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་དག་ཅིག་ཨོ་སི་ཊི་ལི་ཡར་སྣེ་ལན་གནང་དང་གནང་མུས་ཡིན་པར་བརྟེན། གོ་སྐབས་འདི་བརྒྱུད་ངས་ཨོ་སི་ཊི་ལི་ཡའི་གཞུང་མང་གཉིས་ཀྱིས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ད་བར་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་པ་དང་། བོད་དོན་ཐོག་མིག་དཔེ་ལྟ་འོས་པའི་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་ཁུར་དང་། བོད་ཀྱི་བདེན་མཐའ་མགྱོགས་མྱུར་གསལ་བར་སྲིད་བློན་མཆོག་གིས་གཙོས་ཨོ་སི་ཊི་ལི་ཡའི་གཞུང་མང་གཉིས་ནས་མུ་མཐུད་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་རྒྱུ་དང་། མཐའ་དོན་ངས་སྲིད་བློན་མཆོག་གི་འབྱུང་འགྱུར་གྱི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བ་དང་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད། ཅེས་འཁོད།།