༢༠༡༩ ཟླ་ ༥ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་པ་ཝན་ཀུ་མཱར་ཅམ་གླིང་ Pawan Chamling མཆོག་གི་ཆབ་སྲིད་ཚོགས་པར་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་རྒྱལ་ཁ་མ་ཐོབ་ཀྱང་། སྤྱི་ཁྱབ་བློན་ཆེན་གནང་སྐབས་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། “ད་ཐེངས་མངའ་སྡེའི་གྲོས་ཚོགས་འོས་བསྡུའི་ནང་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་རྒྱལ་ཁ་མ་ཐོབ་པར་བརྟེན། སྲིད་གཞུང་འཛིན་རྒྱུའི་གོ་སྐབས་བྲལ་ཡང་། ཡུལ་འཁོར་ཆེན་པོ་འདིའི་ནང་མང་གཙོའི་རིང་ལུགས་སྲ་བརྟན་རྒྱུན་སྐྱོང་བྱེད་སྟངས་དེས་མང་གཙོའི་བསམ་བློ་ཚད་ལོངས་བ་མཚོན་བཞིན་ཡོད་སྟབས། ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན།
ངོས་རང་དེ་སྔ་ལོ་མང་རིང་འབྲས་ལྗོངས་སུ་བསླེབས་སྐབས་སྐུ་ཉིད་ནས་སེམས་ཐག་ཉེ་པོ་དང་། མཛའ་བརྩེ་ཆེན་པོས་ཕེབས་བསུའི་སྣེ་ལེན་གནང་བྱུང་བར། ངོས་ཀྱིས་དེ་རིང་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ལ་ལོ་ངོ་ཉི་ཤུ་ཙམ་རིང་འབྲས་ལྗོངས་མི་མང་ལ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་ཐོབ་པ་འདི་ནི་ངོ་མཚར་ལྡན་པ་རེད། དུས་སྐབས་དེའི་རིང་མི་མང་གི་འཚོ་བར་ཡར་རྒྱས་ཆེན་པོ་བྱུང་བ་དང་། ཟླ་བ་སྔོན་མར་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་འབྱོར་ནས་མི་ལོ་དྲུག་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད། འབྲས་ལྗོངས་མངའ་སྡེའི་ནང་དུ་བོད་མི་བཙན་བྱོལ་བ་ཉུང་ཤས་ཡོད། མངའ་སྡེའི་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མི་དེ་དག་གི་གནས་སྟངས་འགྲིག་ཐག་ཆོད་ཡོད། དེར་ངོས་ཀྱིས་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། སྨོན་འདུན་དང་བཅས།”ཞེས་འཁོད།།
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་ཕབ་སྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ།