ཕྱི་ལ་ོ ༢༠༡༩ ཟླ་ ༥ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་ཚོགས་མཆོད་འབུལ་གཤོམ་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་གེགས་ཀྱི་རིགས་གཞར་ཡང་མི་བཞེས་པར་སྐུ་ཁམས་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཆེད། ཆོལ་གསུམ་ཆོས་བརྒྱུད་དང་བཅས། ལྷ་མི་ཟུང་འབྲེལ་ཐོག་ནས་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་ནང་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་འདུག
དེ་ཡང་བོད་ཀྱི་ཟློས་གར་གྱིས་ཕེབས་བརྡ་རོལ་ཆ་འབུལ་བཞིན་པར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་བཅས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས། དབུ་བཞུགས་འཁོན་རིགས་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། ཏའི་སི་ཏུ་རིན་པོ་ཆེ་མཆོག སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག སྔ་འགྱུར་རྙིང་མའི་སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་བཀའ་བློན་དང་། དྲུང་ཆེ་ཆུང་གིས་གཙོས་སྲི་ཞུ་བ་ཕོ་མོ། དེ་བཞིན་སེར་སྐྱ་མང་ཚོགས་དང་། གཞན་ཡང་ཕྱི་རྒྱལ་མི་སྣ་ཁག་གཅིག་བཅས་ཚང་འཛོམས་ཐོག་ཆོས་སྐྱོང་སྤྱན་དྲན་ཞུས་གྲུབ་མཚམས། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་མཎྜེལ་ལྗགས་བཤད་ལེགས་པར་གྲུབ་བསྟུན།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ལྷ་མི་བཟུང་འབྲེལ་ཐོག་ནས་བརྟན་བཞུགས་བྱས་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བར་ལམ་ངོས་རང་ཏོག་ཙམ་ན་བྱུང་། སྐབས་དེར་བོད་གཞིས་བྱེས་གཉིས་ཙམ་དུ་མ་ཟད། འཛམ་གླིང་གང་ས་ནས་ངོས་རང་ན་བ་དེར་སེམས་འཁྲལ་བྱས་ནས་སྨོན་ལམ་རྒྱག་མཁན་མང་པོ་བྱུང་སོང་། རྒྱ་ནག་ནང་ནས་ཀྱང་མང་པོ་བྱུང་། དད་དམ་གཡོ་བ་མེད་པའི་ཐོག་ནས་སྨོན་ལམ་བརྒྱབ་པ་དེར་ཡང་ཐུགས་རྗེ་ཞེ་ཟེར་གྱི་ཡིན། སྤྱིར།ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བ། ཞེས་འགྲོ་སྟངས་འདི་འདྲ་རེད། སོ་སོའི་ལས་གང་བསགས་པ་དེ་གཞན་གྱིས་འཁྱེར་རྒྱུ་མེད། འོན་ཀྱང་ཕ་མ་གཅིག་པའམ་རིགས་རུས་ཀྱི་འབྲེལ་བ་ཡོད། བླ་མ་དང་སློབ་མའི་དབར་ཆོས་དང་དམ་ཚིག་གི་འབྲེལ་བ་ཡོད་པ། ཁྱིམ་ཚང་གཅིག་པའི་དཔལ་འབྱོར་གྱི་འབྲེལ་བ་ཡོད་པ། དེ་འདྲའི་འབྲེལ་བ་ཡོད་པ་ཚོས་གཅིག་གིས་དགེ་བ་བསྒྲུབས་ན་གཅིག་ལ་ཕན་ཐོགས་ཡོང་གི་ཡོད།
འདིར་སྨོན་ལམ་རྒྱག་མཁན་ཚོ་ཡང་རྒྱབ་མདུན་ངོ་ལྐོག་དང་། འཕྲལ་སེལ་གྱི་ཁེ་ཕན་དོན་དུ་འཁྲབ་སྟོན་བྱས་པ་ལྟ་བུ་མིན་པར་བསམ་པ་རྣམ་དག་ཐོག་ནས་སྨོན་ལམ་བརྒྱབ་པ་ཡིན་སྟབས་བདེན་པའི་ནུས་པ་ཏན་ཏན་ཡོད། ཁྱེད་ཚོས་སྨོན་ལམ་བརྒྱབ་པ་དང་ཞབས་བརྟན་ཧ་ཅང་མང་པོ་བསྒྲུབས་འདུག བདེན་པའི་ནུས་པ་ངེས་ཅན་ཞིག་ཡོད་པ་གསལ་པོ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། སྐྱེས་རབས་གོང་མའི་སྐད་ཆ་ཤོད་རྒྱུ་གང་ཡང་མེད། འོན་ཀྱང་ཚེ་འདིར།
སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌།།རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།
ཞེས་རྗེ་རིན་པོ་ཆེས་གསུང་པ་ལྟར་ཆགས་ཡོད། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་། སྟོན་པའི་གསུང་ལ་ངོས་ཀྱིས་སློབ་སྦྱོང་གང་ཙམ་བྱས་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་མགོན་པོ་མཆོག་སྐུ་ཚེ་འདིའི་རིང་བོད་བསྟན་སྲིད་ལ་ཞབས་འདེགས་ཕྲན་བུ་བསྒྲུབས་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱིས་བོད་བསྟན་སྲིད་མི་མང་ལ་གང་ཙམ་ཕན་ཐོགས་བྱས་ཐུབ་པ་ཞིག་བྱུང་ཡོད། བོད་མི་ཙམ་མིན་པར་འཛམ་གླིང་འདིའི་སྟེང་མི་མང་པོ་ཞིག་ལ་བསམ་པ་བཟང་པོ་བྱེད་དགོས་པ། ཆགས་སྡང་བྱ་རྒྱུ་མེད་པ། མཐའ་གཅིག་ཏུ་གཞན་ལ་ཕན་བདེ་བསྒྲུབ་རྒྱུའི་སྐོར་གང་སར་བཤད་ཀྱི་ཡོད་ཅེས་བཀའ་སློབ་སྩལ་བ་དང་སྦྲགས། ༸སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོའི་སྐོར་བཀའ་སློབ་སྩལ།
དེ་ནས་དགུང་གྲངས་ ༡༡༠ བར་སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་པ་མཚན་ལམ་ཞིག་ཐུགས་དྲན་གསོ་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་ལྟར། དགེ་འདུན་གྲུབ་པའི་སྐུ་ཚེ་དགུང་གྲངས་ ༨༤ ཙམ་རེད། ངོས་རང་ལོ་ ༨༤ བསླེབས་ཡོད། ངོས་ཀྱིས་ནམ་རྒྱུན་དགེ་འདུན་གྲུབ་པར་སྨོན་ལམ་བཏབ་ནས་འདི་ལྟར་དྲན་གྱི་འདུག ངོས་རང་དགེ་འདུན་གྲུབ་པའི་དགུང་ལོ་དང་མཉམ་པ་ཞིག་བསླེབས་ཟིན་ཡང་། ད་དུང་ལོ་བཅུ་བཅོ་ལྔ་འཚོ་ཐུབ་པ་ཞིག་དགེ་འདུན་གྲུབ་པས་ཐུགས་རྗེའི་བྱིན་རླབས་གནང་ཤོག ཅེས་ངོས་ཀྱིས་ཞུ་ཡི་ཡོད།
ངོས་ཀྱི་རྨི་ལམ་ནང་དུའང་དེ་བཞིན་རེད། སྤྱིར་རྨི་ལམ་ལ་ཡིད་ཆེས་དེ་ཙམ་མེད་ཀྱང་ངོས་ལ་རྨིས་ལམ་དཔེ་གསར་ཞིག་བྱུང་བ་རེད། ཐེངས་ཤིག་ངོས་ཀྱིས་རྐྱལ་བརྒྱབ་ནས་ཆུ་བརྒལ་གྱི་འདུག ངོས་ཀྱིས་རྐྱལ་མི་ཤེས། རྨིས་ལམ་ནང་དུ་ངོས་ཀྱིས་རྐྱལ་བརྒྱབ་ནས་སྒལ་བའི་སྟེང་དཔལ་ལྡན་ལྷ་མོ་འདུག དཔལ་ལྡན་ལྷ་མོས། ཁྱེད་རང་ལོ་ ༡༡༠ བར་འཚོ་ཐུབ་རྒྱུར་ཐེ་ཚོམ་མེད། ཅེས་གསུང་བྱུང་། དགུང་གྲངས་ ༡༡༣ ཟེར་བ་དེར་སྔོ་མོ་རྨིས་ལམ་ཞིག་དང་ལུང་བསྟན་ཞིག་ཀྱང་བྱུང་ཡོད། དེར་བརྟེན་རེ་བ་སྟོང་པ་བརྒྱབ་པ་ལྟ་བུ་ཞིག་མ་རེད། དེ་དག་ལ་མཚན་མ་ཕྲན་བུ་ཡོད་པ་རེད། ད་ཆ་སྐུ་གཤེགས་ཟིན་པ་མ་གཏོགས་ཀཿཐོག་དགེ་རྩེ་རིན་པོ་ཆེའི་སྐུ་གོང་མའི་གོང་མ་རེད། དགེ་རྩེ་པཎྜི་ཏ་ཞུ་བ་ཁོང་གི་ངོས་རང་ལོ་ ༡༡༣ བར་འཚོ་ཐུབ་པའི་ལུང་བསྟན་དེ་འདྲ་ཞིག་འདུག ཕལ་ཆེར་ལོ་ ༡༡༠ བར་འཚོ་ཐུབ་པའི་རེ་བ་ཡོད་པ་ལྟ་བུ་འདུག ངོས་ནས་ཀྱང་སེམས་ཤུགས་སྐྱེས། ཁྱེད་ཚོས་ཀྱང་སྨོན་ལམ་རྒྱོབ། ན་ནིང་ངོས་རང་ལ་དྭགས་ལ་ཡོད་སྐབས་ཡུལ་གྲུ་ཁག་ཁ་ཤས་ཀྱིས་ཡོང་རོགས་ཟེར་བྱུང་། སྐབས་དེར་ཁོང་ཚོར། ཏཱ་ལའི་བླ་མ་ལྷོད་ལྷོད་བྱས་ནས་ཚེ་རིང་པོ་ཞིག་བྱུང་ན་ཡག་པ་འདུག ཏཱ་ལའི་བླ་མ་བྲེལ་བ་ཚུབ་ཚུབ་ཐོག་ཚེ་ཐུང་ཐུང་བྱུང་ན་དགའ་བ་འདུག ཅེས་དེ་འདྲ་ལབ་པ་ཡིན། ( བཞད་མོ་བཞད། ) ད་ལྟ་འདིར་ཚང་མས་ངོས་རང་ངལ་གསོ་བརྒྱག་རོགས་ཞེས་གསུང་བྱུང་། ངོས་ལ་དགོས་རྒྱུ་དེ་རེད། ཅེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན། མཐའ་དོན་དེ་རིང་འདིར་ལྷ་མི་ཟུང་འབྲེལ་ཐོག་ནས་བརྟན་བཞུགས་གནང་བ་རེད། རྟེན་འབྲེལ་ལྟོས་གྲུབ། ཟེར་བ་དེའི་ཐོག་ནས་ཕན་ཐོགས་ཏན་ཏན་ཡོང་རྒྱུ་རེད། ངོས་ནས་ཀྱང་སེམས་ཤུགས་སྐྱེས་ནས་དེ་ལྟར་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །