༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་ཕུན་ཚོགས་སྒྲོལ་མ་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ།
ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༤ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་གི་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༢༡ ནས་ཚོགས་མི་ ༡༩ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཚེ་དབང་བསོད་ནམས་ལགས་དང་། ཚོགས་གཞོན་སྐལ་ལྡན་ལགས་བཅས་ནས་འཕྲལ་སེལ་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་བཅས། །