ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༡ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གཡས་གཡོན་དུ་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་འབྲེལ་ཡོད་སྐུ་སྲུང་བ་རྣམ་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་གཡོལ་གྱི་རྒྱུན་ལྡན་སྦྱོང་བརྡར་ཞིག་གནང་བར་བརྟེན། ས་གནས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་འཆལ་གཏམ་རིགས་སྣ་ཚོགས་ཐོན་ཡོད། དེར་བརྟེན་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས་ཀྱིས་གསལ་བཤད་གནང་དོན།
སྦྱོང་བརྡར་དེ་ནི། ཛ་དྲག་གི་གནས་ཚུལ་རིགས་བྱུང་སྐབས་༸རྒྱལ་བའི་སྐུ་སྲུང་བ་རྣམས་ཀྱིས་གདན་ཞུ་ཇི་ལྟར་ཞུ་དགོས་པའི་སྦྱོང་བརྡར་ཞིག་རེད། དེ་ནི་རྒྱུན་ལྡན་སྦྱོང་བརྡར་གྱི་ཆ་ཤས་ཤིག་ཡིན། སྦྱོང་བརྡར་དེ་རིགས་དེ་སྔ་ཡང་ཐེངས་ཁ་ཤས་བྱས་པ་རེད། འོན་ཀྱང་ད་ཐེངས་གསར་ལམ་ཁག་གིས་སྦྱོང་བརྡར་གྱི་གནས་སྟངས་གསལ་རྟོགས་མེད་པར། རང་འཚམ་གྱིས་གནས་ཚུལ་གང་བྱུང་སྤེལ་བ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་དང་འབྲེལ་ནས་གནས་ཚུལ་རིགས་བསྒྲགས་པར་བརྟེན། དད་ལྡན་མང་ཚོགས་ཁག་གཅིག་ལ་སེམས་འཚབ་ཧ་ཅང་བྱུང་ཡོད་ཚོད་འདུག སེམས་འཚབ་གནང་དགོས་པ་རྩ་བ་ནས་མེད། ཅེས་ངས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན།
དེ་ཡང་ཟླ་བ་སྔོན་མར་རྒྱལ་ས་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྨན་པས་སྨན་བཅོས་མཐིལ་ཕྱིན་ཞུས་ཏེ་ད་ལྟའི་ཆར་༸སྐུའི་འཕྲོད་བཞེས་སྔར་རྒྱུན་ལྟར་དྭངས་སྐྱེད་ཐོག མང་ཚོགས་ལ་གསུང་ཆོས་དང་མཇལ་ཁ་སྩལ་བ་སོགས་རྒྱུན་ལྡན་རླབས་ཆེན་གྱི་མཛད་ཁུར་བསྐྱངས་དང་སྐྱོང་མུས་རེད།
ལྷག་པར་ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆོལ་གསུམ་ཆོས་བརྒྱུད་དང་། མདོར་ན་ལྷ་མི་བཟུང་འབྲེལ་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། སྐབས་དེར་མགོན་པོ་མཆོག་ནས་ཀྱང་༸སྐུའི་འཕྲོད་བཞེས་ཡག་པོ་བྱུང་ན་དགུང་གྲངས་ ༡༡༠ བར་༸སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་ཡོད།
ཐེངས་འདིར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་འཆལ་གཏམ་རིགས་སྤེལ་བ་དེས། དད་ལྡན་རྒྱ་ཆེ་མང་ཚོགས་རྣམས་ལ་སེམས་འཚབ་སྐྱེ་གཞིར་གྱུར་ཡོད་སྟབས་མི་མང་ཚོས་ཀྱང་སླད་གནས་ཚུལ་དེ་རིགས་ལ་དངོས་བདེན་ཡིན་མིན་དབྱེ་ཞིབ་ངེས་པར་དུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་པ་བཅས། །