༢༠༡༩ ཟླ་ ༥ ཚེས་ ༡༩ རེས་གཟའ་ཉི་མ།
༄༅། །ཨོ་སི་ཊི་ལི་ཡའི་ Australia སྲིད་བློན་སྐུ་ཞབས་སི་ཀོཌ་མོ་རི་སན་ Scott Morrison མཆོག་གི་ཆབ་སྲིད་ཚོགས་པ་དང་། ཆབ་སྲིད་ཚོགས་པ་གཞན་ཟུང་འབྲེལ་ཐོག་ནས་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་བྱས་པ་དེར་རྒྱལ་ཁ་ཐོབ་ཡོད། དེར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་བློན་མཆོག་བརྒྱུད་འཚམས་འདྲི་མཛད་པའི་ནང་འཁོད་དོན།
“འདས་པའི་ལོ་ངོ་བཞི་བཅུ་ཙམ་གྱི་རིང་། ངོས་རང་ཨོ་གླིང་ས་གནས་གང་སར་བསླེབས་ཡོད། སྐབས་དེར་མི་མང་མཆོག་དམན་ཚང་མས་ངོས་ལ་མཛའ་བརྩེའི་རྣམ་འགྱུར་ཤུགས་ཆེ་བཏོན་པར་སེམས་ཚོར་ཧ་ཅང་བྱུང་། ལྷག་པར་ངོས་ཀྱིས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་པ་དེར། ཨོ་གླིང་མི་མང་ཚོས་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མཐོང་སྐབས་ངོས་ལ་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་།
ད་ལྟའི་བོད་མིའི་གནས་སྟངས་ཐོག་ཨོ་གླིང་མི་མང་ཚོས་སེམས་ཚོར་ཆེན་པོས་དོ་སྣང་གནང་བཞིན་པ་དེར། ངོས་ཀྱིས་གོ་སྐབས་འདི་བརྒྱུད་ཚང་མར་བཀའ་དྲིན་བླ་མེད་དུ་ཆེ་ཟེར་རྒྱུ་དང་། སྐུ་ཉིད་མཆོག་གི་འབྱུང་འགྱུར་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བ་དང་། ཨོ་གླིང་མི་མང་གི་རེ་བ་དང་མངོན་འདོད་རྣམས་འབད་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་དང་བཅས། “ཞེས་འཁོད།
གསུང་འཕྲིན་ངོ་མ་ཨིན་ཡིག་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་གནང་རོགས་ཞུ།