ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །འདི་གར་སྦར་སེལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཉེ་ཆར་ ༢༠༡༩ ཟླ་ ༥ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ས་ཁུལ་ཨ་ཝེ་རི་ཞེས་པར་ཝི་ཏི་ནམ་ནང་པ་ཚོས་ས་ག་ཟླ་བའི་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཤིང་། མཛད་སྒོར་སྦར་སེལ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་མགྲོན་འབོད་ལྟར་ཕེབས་སྟེ་གསུང་བཤད་གནང་ཡོད།
སྤྱིར་དོན་ཁང་དང་ཝི་ཏི་ནམ་ནང་པའི་དགོན་པ་གཉིས་དེ་སྔ་ནས་མཐུན་འབྲེལ་ཡག་པོ་ཡོད་པ་མ་ཟད། བར་ལམ་ནས་ཝི་ཏི་ནམ་མི་མང་དང་ས་གནས་བོད་རིགས་ཐུན་མོང་ཐོག་ལས་འགུལ་རྒྱ་ཆེར་སྤེལ་བ་བྱུང་ཡོད།
ད་ལྟའི་དགོན་པ་དེ་བཞིན་དེ་སྔ་དོན་གཅོད་ས་གནས་སུ་བཞུགས་སྐབས་གསར་རྒྱག་གནང་བ་ཞིག་དང་། ཕྱི་ལོ་ ༢༠༠༨ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་ཡོད་འདུག
གཞན་ཡང་ཕྱི་ལོ་ ༢༠༡༩།༥།༢༤ ཉིན་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། པེ་རི་སི་འབྲེལ་མཐུད་པ་གཉིས་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་མཇལ་ཞུར་བཅར་འདུག སྐབས་དེར་རིན་པོ་ཆེ་མཆོག་ནས་དོན་གཅོད་ཀྱི་ལས་རིམ་ཁག་དང་བོད་རིགས་ཚོགས་པ། དེ་བཞིན་གནད་དོན་གཞན་སྐོར་གླེང་མོལ་ཞུས་འདུག
དོན་གཅོད་ནས་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་གླིང་རིན་པོ་ཆེ་མཆོག་པེ་རི་སིའི་ཉེ་འགྲམ་དགའ་ལྡན་གླིང་ལྟེ་གནས་སུ་ཕེབས་སྐབས་མཇལ་ཁ་ཞུ་མྱོང་ཡོད་པ་མ་ཟད། ལྟེ་གནས་ཀྱི་འགན་འཛིན་དྭགས་པོ་རིན་པོ་མཆོག་དང་རྒྱུན་དུ་འབྲེལ་བ་ཡོད་པ། དྭགས་པོ་རིན་པོ་མཆོག་ནས་ཀྱང་དོན་གཅོད་ཁང་ལ་ཐུགས་བརྩེ་ཆེན་པོ་གནང་བཞིན་ཡོད་སྐོར་ཞུས་འདུག་པ་བཅས། །